Monthly Archive: March 2009

Mar 23

མགོ་ལོག་རྭ་རྒྱ་དགོན་པའི་ཞི་རྒོལ་ཆེན་མོ།

མདོ་སྨད་མགོ་ལོག་རྭ་རྒྱ་དགོན་པའི་ཞི་རྒོལ་ཆེན་མོ།   དེ་རིང་ཞོགས་པའི་བོད་ནང་གི་ཆུ་ཚོད་ ༡༠ ཡས་མས་སུ་ཁ་པར་ཐོག་གནས་ཚུལ་ཐོས་གསལ་ལྟར་ན།   མགོ་ལོག་ར་རྒྱ་དགོན་པའི་དགེ་སྐོས་དཔལ་ལྡན་དང༌། དགེ་འདུན་པ་གཞན་ ༣ བཅས་རྒྱ་གཞུང་གི་ཉེན་རྟོག་པས་བཙན་བཟུང་བཙན་འཁྲིད་བྱས་པས།   རྭ་རྒྱ་དགོན་པའི་གྲྭ་མང་དང་རྨ་ཆུའི་ཕ་རོལ་ཚུ་རོལ་གྱི་བོད་རིགས་མི་མང་འདུ་འཛོམས་ཆེ་རུ་ཕྱིན་ཡོད་འདུག   དེར་བརྟེན་མདང་དགུང་མཚན་མོར་ཟི་ལིང་གྲོང་ཁྱེར་ནས་དྲག་པོའི་དམག་མི་ ༤༠༠ ལྷག་དང་མགོ་ལོག་ཁུལ་གྱི་དྲག་ཆས་དཔུང་དམག་མང་པོར་རྭ་རྒྱ་དགོན་པར་འབྱོར་ཏེ། དགེ་འདུན་པ་དང་མི་མང་དཀྱུས་མ་རྣམས་བཙན་བཟུང་དང་།   གཅར་རྡུང་བསམ་ཡུལ་ལས་འདས་པ་བྱེད་བཞིན་ཡོད་པ་མ་ཟད།    དེ་རིང་ནས་བཟུང་ས་ཁུལ་དེའི་གློག་ཀླད་དྲ་རྒྱ་དང་ཁ་པར་སྐུད་ལམ་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་སྟབས།    གནས་ཚུལ་གསར་བོར་མཁོ་སྤྲོད་བྱེད་མཁན་ཤིན་ཏུ་ཁག་པོ་ཆགས་ཡོད་འདུག  ཞི་བའི་ངོ་རྒོལ་འདིའི་འབྱུང་རྐྱེན་གཙོ་བོ་ནི།   ཁ་སང་ཉིན་གུང་བོད་ནང་གི་ཆུ་ཚོད་ ༢ པ་ཙམ་ལ་མགོ་ལོག་རྭ་རྒྱ་དགོན་པའི་དགེ་འདུན་པ་བཀྲ་ཤིས་བཟང་པོ་རྨ་ཆུར་མཆོངས་ཏེ་རང་ཤི་བརྒྱབས་མ་ཐག རྭ་རྒྱ་དགོན་གྲོང་གཉིས་ཀྱི་བོད་རིགས་སེར་སྐྱ་མི་མང་སྟོང་ཕྲག་ ༡༠༠༠ ལྷག་འདུ་འཛོམས་ཀྱིས་རྭ་རྒྱ་ཞང་སྲིད་གཞུང་དང་ཉེན་རྟོག་ལས་ཁུངས་གཉིས་སུ་ཕྱིན་ཏེ། རྔམ་སྟོན་ཁྲོམ་སྐོར་དང་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། ཕྱི་ཚེས་ ༡༠ དགོན་པའི་ཚོགས་ཆེན་འདུ་ཁང་སྟེང་དུ་བསྒྲེངས་འཛུགས་བྱས་པའི་བོད་ཀྱི་རྒྱལ་དར་རྒྱ་ནག་གི་ཉེན་རྟོག་པས་ཕབ་སྟེ་བཙན་འཁྱེར་བྱས་ཡོད་པ་དེ། བསྐྱར་དུ་ཕྲོགས་ཏེ་འདས་པོ་བཀྲ་ཤིས་བཟང་པོའི་སྤུན་མཆེད་ཀྱི་ལག་ཏུ་བཞག་སྟེ། མི་མང་སེར་སྐྱ་ཡོངས་ཀྱིས་ལྷ་རྒྱལ་འཐེན་ཡོད་པ་མ་ཟད། ཞིང་སྲིད་གཞུང་གི་མགོ་ཁྲིད་དང་ཉེན་རྟོག་པའི་མགོ་བ་གཉིས་ལ། དེ་རིང་ནས་བཟུང་བོད་ཀྱི་རྒྱལ་དར་བཟུང་ན། ཁྲིམས་འགལ་མིན་པའི་ཡི་གེ་ཡང་འབྲི་རུ་བཅུག་ཡོད་པ་རེད། དེ་རིང་མགོ་ལོག་རྭ་རྒྱ་དགོན་པས་ཞི་རྒོལ་གནང་པའི་བརྙན་འཕྲིན་འདིར་གཟིགས་རོགས་གནོངས། [youtube=http://www.youtube.com/watch?v=A4OiyT5Auek]

Mar 22

གྲྭ་པ་ཞིག་རང་ཤི་བརྒྱབས་འདུག

scan0002

གྲྭ་པ་ཞིག་རང་ཤི་བརྒྱབས་འདུག འདོན་སྤེལ། ༢༠༠༩/༠༣/༢༡   བོད་ཀྱི་དུས་བབ།   ཕྱི་ཚེས་ ༢༡ ཉིན་གྱི་ཆུ་ཚོད་གཉིས་པ་ཡས་མས་སུ་རང་ལོ་ ༢༨ ཡིན་པའི་རྭ་རྒྱ་དགོན་དུས་འཁོར་གྲྭ་ཚང་གི་མགར་རྩེ་བཀྲ་ཤིས་བཟང་པོ་ལགས་རྒྱ་དམར་གྱི་གདུག་རྩུབ་འོག་རྨ་ཆུར་ལྕེབས་ཡོད་པ་དང་། ཁོང་ཉིན་ཤས་སྔོན་ནས་ཉེན་རྟོག་པས་འཇུ་བཟུང་གིས་འདྲི་གཅོད་བྱས་ཡོད་འདུག་ལ། དེ་རིང་ཁོང་དང་གྲྭ་བ་ཁ་ཤས་ལ་ཉེན་རྟོག་པས་གཅར་རྡུང་ཚད་མེད་བཏང་ནས་ར་སྐོར་ནང་གཡུགས་ཏེ་མི་གཞན་ཞིག་ལ་གཅར་རྡུང་གཏོང་སྐབས་ཁོང་གློ་བུར་དུ་བྲོས་ཐར་ནས་རྨ་ཆུའི་ནང་ལྕེབས་འདུག དེ་ནི་ད་ལོའི་གསུམ་བཅུའི་དུས་དྲན་སྐབས་སུ་རྭ་རྒྱ་དགོན་པའི་ཚོགས་ཆེན་འདུ་ཁང་སྟེང་བོད་ཀྱི་རྒྱལ་དར་འཕྱར་བ་དང་། དགོན་པའི་གླིང་དུ་ཡི་གེ་བཀྲམས་པ་སོགས་ཀྱི་དོགས་གཞིའི་འོག་ཁོང་དང་གྲྭ་བ་སྐོར་ཞིག་འཇུ་བཟུང་བྱས་པ་ཞིག་ཡིན་འདུག་པ་དང་། ཚེས་༢༡ ཉིན་གྲྭ་བཀྲ་ཤིས་བཟང་པོས་ལག་ཏུ་བོད་ཀྱི་རྒྱལ་དར་ཞིག་འཕྱར་ནས་ཞི་བའི་ངོ་རྒོལ་གྱི་མགོ་རྩོམ་མཁན་ང་ཡིན། ཁོ་ཚོ་གཏོང་དགོས་ཞེས་བརྗོད་པས། གྲྭ་བ་གཞན་ཚོ་གློད་འདུག་པ་དང་། དེའི་རྗེས་ཉེན་རྟོག་པས་ཁོའི་ལག་གི་རྒྱལ་དར་འཕྲོག་ལེན་བྱེད་རྩིས་བྱས་ཡོད་ནའང་། ཁོང་གི་ལག་ཏུ་བོད་ཀྱི་རྒྱལ་དར་ཡོད་བཞིན་དུ་གློ་བུར་དུ་ཕྱི་ལོགས་སུ་བྲོས་ཏེ་རྨ་ཆུའི་ནང་ལྕེབས་ཡོད་པ་རེད། དེའི་རྗེས་སྐྱ་སེར་མང་ཚོགས་སྟོང་ཕྲག་གཉིས་ཙམ་འཛོམས་ནས་རྨ་ཆུའི་ནང་ཁོང་གི་སྐུ་ཕུང་བཙལ་འཚོལ་བྱས་ཡོད་ནའང་། རྙེད་ཡོད་མི་འདུག་ལ། སྐབས་དེར་གྲྭ་པ་འགས་སྣེ་ཁྲིད་དེ་སེར་སྐྱ་ཡོངས་ཀྱིས་བོད་ཀྱི་རྒྱལ་དར་བཟུང་སྟེ། རྭ་རྒྱ་གྲོང་བརྡལ་དུ་ཞི་བའི་ངོ་རྒོལ་བྱེད་པར་ཕྱིན་འདུག་ལ། ད་ལྟ་གནས་སྟངས་ཧ་ཅང་གི་ཛ་དྲག་ངང་ལྷག་ཡོད་འདུག              རྭ་རྒྱ་བཀྲ་ཤིས་བཟང་པོ་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་ནང་མདོ་སྨད་རྭ་རྒྱ་མགར་རྩེ་སྡེ་བའི་ཕ་སྒྲོལ་མ་སྐྱབས་དང་མ་འཕགས་སྒྲོན་གཉིས་ཀྱི་བུ་རུ་སྐྱེས་ཤིང་།  རྭ་རྒྱ་དགོན་དུས་འཁོར་གྲྭ་ཚང་གི་ཆོས་སྒོར་ཞུགས་ཡོད་པ་དང་།  ཤེས་རིག་ནོར་བུའི་གླིང་དུ་ཞུགས་ནས་ལོ་ལྔའི་རིང་གི་སྦྱངས་འབྲས་རྩེར་སོན་དང་བཅས་མཐར་ཕྱིན་ཡོད་འདུག

Mar 21

མི་ཡུལ་གྱི་དམྱལ་ཁམས་ཆེན་མོ།

མི་ཡུལ་གྱི་དམྱལ་ཁམས་ཆེན་མོ།   མ་ཤི་དམྱལ་བའི་སྡུག་བསྔལ་དངོས་སུ་མྱོང་བཞིན་པའི་ཉེས་མེད་གངས་ཅན་སྐྱེ་འགྲོའི་ལས་དབང་ལ་གཟིགས་དང་།    གནམ་རྒན་མས་ང་ཚོ་གངས་ཅན་པའི་ཐོད་པའི་ཁ་ཡིག་ལ་འདི་ལྟར་ནག་ཐིག་འགོད་དོན་ཅི་ཡིན་ནམ།    འདིར་གཟིགས་རོགས།  

Mar 14

མགོ་ལོག་མི་རིགས་དགེ་ཐོན་སློབ་གྲྭས་རྒྱ་གཞུང་ལ་ངོ་རྒོལ་སྤེལ་བ།

མགོ་ལོག་མི་རིགས་དགེ་ཐོན་སློབ་གྲྭས་རྒྱ་གཞུང་ལ་ངོ་རྒོལ་སྤེལ་བ། ཕྱི་ཟླ་ ༣ ཚེས་ ༡༣ ཉིན། མགོ་ལོག་ཁུལ་གྲོང་བརྡལ་ནི་མགོ་ལོག་རྟ་བོར་ཁུལ་ཏེ་རྨ་ཆེན་གངས་རིའི་ཉེ་འདབས་སུ་ཆགས་ཡོད་ཅིང་།    མགོ་ལོག་ཁུལ་གྲོང་བརྡལ་དང་རྨ་ཆེན་རྫོང་གཉིས་གནས་གཅིག་ཏུ་ཆགས་ཡོད།   དེར་བརྟེན་ས་གནས་བོད་མི་ཕལ་ཆེར་གྱིས་རྨ་ཆེན་རྫོང་ཞེས་འབོད་ཀྱིན་ཡོད། མགོ་ལོག་མི་རིགས་དགེ་ཐོན་སློབ་གྲྭ་ནི་ཁུལ་གྲོང་བརྡལ་གྱི་ལྟེ་བར་ཡོད་ལ།    སློབ་གྲྭ་དེར་སློབ་མ་གཅིག་སྟོང་ལྷག་ཡོད།    ཕྱི་ཟླ་གསུམ་པའི་ཚེས་དགུའི་མཚན་མོར་སློབ་གྲྭའི་ཐོག་ཁང་ཆེན་མོའི་མདུན་ཐང་གི་རྒྱ་ནག་དར་དམར་མར་ཕབས་ནས་བོད་ཀྱི་རྒྱལ་དར་བསྒྲེང་འཛུགས་བྱས་ཡོད་འདུག ཚེས་བཅུའི་ཞོགས་པ་ནས་བཟུང་སློབ་གྲྭའི་ཕྱི་ནང་ཡོངས་རྫོགས་དྲག་ཆས་དམག་དཔུང་གིས་བསྐོར་ཡོད་པ་མ་ཟད།    དམག་མིའི་ཐད་འཕུར་གནམ་གྲུ་སྐོར་ཞིག་གིས་ཀྱང་ནམ་མཁར་ལྡེང་སྐོར་བྱས་ནས་འཇིགས་རྔམས་སྟོན་བཞིན་ཡོད།    ད་དུང་རོང་འབྲོག་ཕྱོགས་ཀྱི་མང་ཚོགས་རྣམས་ཁུལ་ཐོག་ཏུ་བཟའ་ཆས་སོགས་ཉིན་རེའི་འཚོ་ཆས་ཉོ་ཆེད་ཡོང་རྒྱུར་ཡང་བཀག་སྡོམ་བྱེད་ཀྱིན་ཡོད།   དཔེར་ན།   ཁར་སང་ཚེས་  ༡༢  ཉིན་ངའི་ཨ་མ་ལགས་བཟའ་ཆས་ཉོ་ཆེད་ཁུལ་ཐོག་ཏུ་ཡོང་སྐབས།    ལམ་ནས་བཀག་འགོག་བྱས་པས་ཕྱིར་རང་ཁྱིམ་དུ་ཕྱིར་ལོག་མི་བྱེད་ཐབས་མེད་བྱུང་།   ད་ལྟའི་ཆར་མགོ་ལོག་གྲོང་བརྡལ་གྱི་སྲང་ལམ་ཡོང་རྫོགས་དྲག་ཆས་དམག་དཔུང་གིས་བསྐོར་ཡོད་ཅིང་།    དམག་མིས་ལྕགས་ཁྲབ་རླངས་འཁོར་མང་པོས་སྐོར་གཡེང་བྱེད་བཞིན་ཡོད།   ལས་ཁུངས་དང་སློབ་གྲྭ་ཁག་ལ་གཟའ་ཉི་མའི་གུང་གསང་ཡང་མེད་པ་བྱས་ཡོད་པའི་གནས་ཚུལ་སློབ་གྲྭ་དེའི་ནང་དུ་ཡོད་པའི་འབྲེལ་ཡོད་མི་སྣས་འདི་གར་ཁ་པར་ཐོག་གསལ་བཤད་གནང་བྱུང་།

Mar 11

གསུམ་བཅུའི་དུས་དྲན་ ༥༠ བར་བསྩལ་བའི་གསུང་འཕྲིན།

གསུམ་བཅུའི་དུས་དྲན་ ༥༠ བར་བསྩལ་བའི་གསུང་འཕྲིན།   འདོན་སྤེལ། ༢༠༠༩/༠༣/༡༠   ང་ཚོས་ལྷག་བསམ་རྣམ་དག་ཁ་ཞེ་གཉིས་མེད་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྙིང་དོན་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་བོད་རིགས་ཡོངས་ལ་ལག་བསྟར་མིང་དོན་མཚུངས་པ་ཞིག་ཡོང་ཐབས་བྱས་པར་རྒྱ་ནག་དབང་འཛིན་པ་རྣམས་ཀྱིས་ཚུལ་མཐུན་ཡ་ལན་མ་བྱས་པར་བློ་ཕམ་ཡོད།   དེ་རིང་གི་ཉིན་མོ་འདི་ནི་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱི་བཙན་གནོན་ལ་མ་བཟོད་པར་བོད་མིས་ཞི་བའི་ངོ་རྒོལ་བྱས་ནས་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དུས་ཚིགས་ཡིན་པ་དང༌། སྔ་ལོའི་གསུམ་བཅུའི་རྗེས་ཆོལ་གསུམ་བོད་ཀྱི་ས་ཁུལ་ཡོངས་ཁྱབ་ཏུ་བྱུང་བའི་ཞི་རྒོལ་བྱེད་མཁན་ཕལ་མོ་ཆེ་ཕྱི་ལོ་ ༡༩༥༩ རྗེས་སུ་སྐྱེས་འཚར་བྱུང་བའི་ན་གཞོན། རང་དབང་བོད་ཀྱི་གནས་བབ་མྱོང་ཚོར་མེད་མཁན་ཡིན་ནའང༌། བོད་ཀྱི་རྩ་དོན་ཐོག་ལྷག་བསམ་འགྱུར་མེད་མི་རབས་ནས་མི་རབས་རྒྱུན་གནས་ཡོད་པ་ནི་སྤོབས་པ་སྐྱེ་གཞི་དང༌། རྒྱལ་སྤྱིའི་ནང་བོད་དོན་ལ་དོ་སྣང་ཡོད་མཁན་ཚོར་སྙིང་སྟོབས་འཕེལ་རྐྱེན་ཞིག་ཏུ་གྱུར་ཡོད།   ཕྱི་ལོ་ ༢༠༠༡ ནས་བཟུང་མང་གཙོའི་ལམ་སྲོལ་གཞིར་བཟུང་བོད་མིའི་ཆབ་སྲིད་ཀྱི་མགོ་ཁྲིད་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱ་སྲོལ་གཏོད་དེ། ད་ཆར་བཀའ་ཁྲི་སྐབས་གཉིས་པའི་ལས་ཡུན་འགྲོ་མུས་ལྟར། ངོས་ལ་རྒྱུན་ལྡན་ཉིན་རེའི་འཛིན་སྐྱོང་གི་འགན་ཁུར་ཆུང་དུ་སོང་སྟེ། ཕྱེད་རྒས་ཡོལ་གྱི་གནས་སྟངས་ལྟ་བུ་ཡིན་ཡང༌། བོད་ཀྱི་རྩ་དོན་གྱི་འགན་ཁུར་ནི་བོད་མི་མཐའ་དག་གི་ལས་བསྐོས་ཀྱི་འགན་ཁུར་ཡིན་པས་ངོས་རང་ནམ་འཚོའི་བར་ཟོམ་འཇོག་བྱ་ཐབས་མེད།   ཕྱི་ལོ་ ༢༠༠༢ ལོར་འབྲེལ་མོལ་བསྐྱར་མཐུད་བྱུང་བ་ནས་བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་གི་སྲིད་བྱུས་བཟུང་སྟེ། འབྲེལ་མོལ་ཐེངས་བརྒྱད་བྱས་མཐར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་རྣམས་རང་སྐྱོང་བཅའ་ཁྲིམས་བརྒྱུད་ལག་བསྟར་གྱིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིབ་གསལ་སྤྲད་ཡོད། རྒྱ་གཞུང་གིས་བོད་གནའ་བོའི་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ཁོངས་ཡིན་པར་ཁས་ལེན་བྱ་དགོས་ཨུ་ཚུགས་བྱེད་པ་ནི་འོས་འཚམས་དང་རྒྱུ་མཚན་ལྡན་པ་མིན།   འདས་པ་ནི་བྱུང་ཟིན་པས་བཟང་ངན་ཇི་ལྟར་ཡང་སྒྱུར་བཅོས་གཏོང་ཐབས་མེད་ཅིང༌། ཆབ་སྲིད་ཀྱི་དགོས་མཁོར་བསྟུན་ནས་འཁྱོག་བཤད་བྱེད་པ་དྲང་བདེན་གྱི་བྱེད་ཐབས་མིན། མ་འོངས་པའི་བྱེད་ཕྱོགས་གཉིས་སྨན་ཡོང་བ་ཞིག་ད་ལྟ་བསམ་ཞིབ་ཐག་གཅོད་བྱེད་དགོས་སྟབས། འབྱུང་འགྱུར་བོད་མི་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་བསྡད་ཐུབ་རྒྱུའི་ཆེད་ཁྲིམས་མཐུན་གྱི་རང་སྐྱོང་དོན་མཐུན་ཡོང་ཐབས་བྱེད་ཀྱི་ཡོད་ཅིང༌། དེ་ནི་བོད་མི་རྣམས་འདོད་བློ་ཚིམས་ཏེ་རང་འདོད་ཀྱིས་བརྟན་རླིང་གནས་རྒྱུའི་བསམ་བློའི་ཆིག་སྒྲིལ་ཡོང་ཐབས་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། ང་ཚོའི་ངོས་ནས་ལོ་རྒྱུས་གཞིར་བཟུང་མ་འོངས་པའི་མདུན་ལམ་ཐག་གཅོད་དགོས་པའི་བསམ་ཚུལ་བཏོན་མེད།   རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མཚོན་པའི་དེང་དུས་ཀྱི་རྒྱལ་ཁབ་སུའང་མངའ་རིས་ཀྱི་གནས་བབ་འདས་པའི་བྱུང་རབས་དང་གཅིག་མཐུན་དུ་གནས་པ་མེད་ཅིང༌། གནས་དགོས་ཀྱང་མེད། བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་དགོས་རྒྱུའི་རེ་འདུན་ནི་མི་རིགས་ས་གནས་རང་སྐྱོང་གི་ལྟ་གྲུབ་ཀྱི་དམིགས་ཡུལ་དང་བོད་རྒྱ་གཉིས་ཀྱི་གཞི་རྩའི་ཁེ་ཕན་དང་ཡང་མཐུན་ཐོག རྩ་ཁྲིམས་དང་སྒྲིག་གཞི་གང་གི་ཆ་ནས་འགོག་རྐྱེན་མེད་ཅིང༌། རྒྱ་ནག་དབུས་གཞུང་གི་དབུ་ཁྲིད་མང་པོས་དགོས་འདུན་དེ་ཚུལ་མཐུན་ཡིན་པ་ངོས་ལེན་གནང་ཡོད། ང་ཚོས་ལྷག་བསམ་རྣམ་དག་ཁ་ཞེ་གཉིས་མེད་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྙིང་དོན་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་བོད་རིགས་ཡོངས་ལ་ལག་བསྟར་མིང་དོན་མཚུངས་པ་ཞིག་ཡོང་ཐབས་བྱས་པར་རྒྱ་ནག་དབང་འཛིན་པ་རྣམས་ཀྱིས་ཚུལ་མཐུན་ཡ་ལན་མ་བྱས་པར་བློ་ཕམ་ཡོད།   བར་ལམ་བོད་རྒྱའི་འབྲེལ་མོལ་གྱི་ལས་རིམ་ལ་དོན་དམ་གྱི་གྲུབ་འབྲས་མ་བྱུང་བའི་ཁར། སྔ་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་བོད་ས་ཡོངས་སུ་དྲག་གནོན་ཚབས་ཆེ་བྱུང་བར་བརྟེན། འབྱུང་འགྱུར་ལངས་ཕྱོགས་དང་བྱ་ཐབས་ཇི་དགེའི་སྐོར་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ཆེད་སྔ་ལོ་ཕྱི་ཟླ་ ༡༡ ནང་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་དང༌། གཞིས་བཞུགས་བོད་མིའི་ཁྲོད་ནས་ཀྱང་བསམ་འཆར་བསྡུ་ལེན་གང་ཐུབ་བྱས་པའི་ནང་བོད་རིགས་མང་ཆེ་བས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་དགོས་པའི་རྒྱབ་གཉེར་ཤུགས་ཆེན་བྱུང་སྟབས། ད་ཆ་གདེང་ཚོད་ཆེན་པོས་སྲིད་བྱུས་དེ་ཉིད་རྒྱུན་སྐྱོང་གིས་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་ཡོང་རྒྱུར་འབད་བརྩོན་རྒྱུན་མཐུད་བྱ་རྒྱུ་ཡིན།   …

Continue reading »

Mar 03

རྔ་པ་ནས་སླར་ཡང་སྐད་འབོད་བྱས་པ།

111

རྔ་པ་ནས་སླར་ཡང་སྐད་འབོད་བྱས་པ། འདོན་སྤེལ། ༢༠༠༩/༠༣/༠༣ བོད་ཀྱི་དུས་བབ་ལས་བཤུས།   མདོ་སྨད་རྔ་པའི་ཡུལ་ནས་དགེ་འདུན་པ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང༌། དགོན་པའི་ཕྱི་ནང་ཀུན་ལ་དམག་མིས་བསྐོར་ཏེ་དམ་དྲག་བྱས་རྐྱེན།  ད་ལྟ་གྲྭ་བ་རྣམས་ཀྱི་གནས་སྟངས་གསལ་བོ་ཤེས་རྟོགས་ཐུབ་ཀྱི་ཡོད་མི་འདུག བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས་འདི་གར་གནས་ཚུལ་སྤྲད་པ་ལྟར་ན། མདོ་སྨད་རྔ་པ་ཇོ་ནང་བསྭེ་དགོན་ཐུབ་བསྟན་ཕྱོགས་རྒྱལ་གླིང་གི་དགེ་འདུན་པ་རྣམས་ཀྱིས། ཕྱི་ཟླ་ ༣ པའི་ཚེས་ ༡ ཉིན་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང༌།  ད་ལྟ་རྔ་པ་ཁུལ་གྱི་དགོན་པ་མང་པོ་ཞིག་སྨོན་ལམ་འཚོགས་པའི་དུས་ཚིགས་སུ་འཁེལ་ཡོད་ནའང༌། རྒྱ་གཞུང་གིས་བཀག་སྡོམ་བྱས་ནས་སྨོན་ལམ་འཚོགས་ཆོག་གི་མེད་སྟབས། ཕྱི་ཚེས་ ༡ ཉིན་གྱི་བོད་ནང་གི་དུས་ཚོད་ ༨ པ་ཙམ་ལ་རྔ་པའི་ཇོ་ནང་བསྭེ་དགོན་ཐུབ་བསྟན་ཕྱོགས་རྒྱལ་གླིང་གི་དགེ་འདུན་པ་ཉིས་བརྒྱ་ཙམ་རང་འགུལ་གྱིས་དགོན་པའི་འདུ་ཁང་ནང་འཚོགས་འདུག་མོད། དེ་མ་ཐག་དགོན་པའི་ཉེ་འཁྲིས་སུ་ཡོད་པའི་དུས་རྒྱུན་དགོན་པར་ལྟ་རྟོག་བྱེད་མཁན་གྱི་ཉེན་རྟོག་མི་སྣ་དང་ལས་བྱེད་ཚོ་ཡོང་ནས་གདུགས་དཀར་འདོན་བཞིན་པའི་མཚམས་བཅད་ཡོད་པ་དང༌། སྔོན་མ་ནས་སྨོན་ལམ་འཚོགས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་ལྟར། ད་ལྟ་ཉིད་དུ་སྨོན་ལམ་མཚམས་འཇོག་དགོས་ཚུལ་བརྗོད་འདུག་པར། དགེ་འདུན་པ་ཞིག་གིས། གདུགས་དཀར་འདོན་ཚར་ན་ང་ཚོ་འཚོགས་གྲོལ་ཆོག་ཅེས་བཤད་རྐྱེན་དེ་མ་ཐག་མཚམས་འཇོག་དགོས་ཡོད་མི་འདུག   གདུགས་དཀར་འདོན་བཞིན་པ་མཇུག་མ་གྲུབ་སྔོན་དགེ་འདུན་པ་ཕལ་ཆེ་བ་ཡར་ལངས་ཏེ་ང་ཚོ་སྨོན་ལམ་ཅིའི་ཕྱིར་འཚོགས་མི་ཆོག་པ་རེད། ངེས་པར་འཚོགས་དགོས་ཡོད། ན་ནིང་ནས་ད་བར་བོད་པ་མང་པོ་ཞིག་བཙོན་འཇུག་བྱས་ཡོད་པ་ཚང་མ་གློད་གྲོལ་གཏོང་དགོས་ཀྱི་ཡོད་ཅེས་པ་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་འདུ་ཁང་ཕྱི་ལོགས་ལ་ཐོན་ཡོད་པ་དང༌། དགོན་པའི་རྒྱབ་ཀྱི་ལམ་ཆེན་ནས་ཡར་རྔ་པ་རྫོང་གི་ཕྱོགས་ལ་བསྐྱོད་དེ་ལམ་བར་གྱི་རླངས་སྣུམ་བླུག་ས་ཞིག་ཡོད་པ་དེར་སླེབས་སྐབས། རྫོང་ཐོག་ནས་དམག་མི་བརྒྱ་ཕྲག་ཁ་ཤས་ཡོང་ནས་དགེ་འདུན་པ་རྣམས་ཀྱི་མདུན་བཀག་ཅིང༌། དུས་མཚུངས་སུ་དགོན་པའི་ལས་སྣེ་དང་བླ་མ་སོགས་སླེབས་ནས་དེ་ལྟར་མ་བྱེད་རོགས་གྱིས། དམག་མི་ལ་གདོང་ཐུག་བྱས་ན་ཛ་དྲག་པོ་དང༌། གྱོང་ཆེན་པོ་ཡོང་གི་རེད་ཅེས་བཀའ་སློབ་མང་པོ་གནང་མཐར་དགེ་འདུན་པ་རྣམས་ཕྱིར་དགོན་པའི་ནང་ཕེབས་འདུག་ཀྱང༌། དམག་མི་རྣམས་ཀྱིས་དགེ་འདུན་པ་ཚོའི་རྗེས་དེད་དེ་དགེ་འདུན་པ་རྣམས་དགོན་པའི་ནང་ལ་སོང་མཚམས་སུ་དགོན་པའི་མཐའ་ཚང་མ་དམག་མིས་སྐོར་ཡོད་པ་དང༌། དེ་བཞིན་དགོན་པའི་ནང་ལ་ཡང་དམག་མི་མང་པོ་སླེབས་ནས་དུས་ཚོད་ཐུང་ཐུང་ནང་དགོན་པའི་ཕྱི་ནང་གཉིས་ཀ་དམག་མིས་བཀག་སྡོམ་ནན་མོ་བྱས་འདུག་པས། དགེ་འདུན་པ་རྣམས་འཛིན་བཟུང་བྱས་ཡོད་མེད་ཀྱི་གནས་སྟངས་དངོས་ཤེས་རྟོགས་བྱུང་ཐུབ་མི་འདུག བསེ་དགོན་ཐུབ་བསྟན་ཕྱོགས་རྒྱལ་གླིང་ནི་རྔ་པ་ཁུལ་གྱི་ཇོ་ནང་དགོན་པ་ཆེ་ཤོས་དེ་ཡིན་པ་དང༌། དགེ་འདུན་པ་ཞལ་གྲངས་ ༧༠༠ ཙམ་ཡོད་འདུག ལོ་སྔོན་མའི་གསུམ་བཅུའི་དུས་དྲན་སྐབས་དང་དེ་རྗེས་ཕྱི་ཟླ་ ༦ པའི་ཚེས་མགོ་སོགས་ལ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་སྦྱར་ཡིག་བཀྲམས་པ་དང་བོད་དར་འཕྱར་བ་སོགས་བྱས་ནས་དགོན་པའི་གྲྭ་ཤག་ཡོངས་རྫོགས་སྔོག་བཤེར་དང་གྲྭ་པ་མང་པོ་འཛིན་བཟུང་བྱས་པ་མ་ཟད། ལོ་གསུམ་ཆོས་གསུམ་ལ་བཞུགས་ཡོད་པའི་དགེ་འདུན་པ་རྣམས་ཀྱང་མཚམས་ཁང་ནས་ཕྱིར་ཐོན་དགོས་པ་ལ་སོགས་པའི་གནས་ཚུལ་སྐྱོ་བོ་མང་པོ་བྱུང་ཡོད་འདུག