Monthly Archive: April 2009

Apr 25

པན་ཆེན་ཆུང་སྲིད་དངོས་གནས་སྐུ་གཤེགས་སམ།

པན་ཆེན་ཆུང་སྲིད་དངོས་གནས་སྐུ་གཤེགས་སམ།   འདོན་སྤེལ། ༢༠༠༩/༠༤/༢༤  བོད་ཀྱི་དུས་བབ། གལ་སྲིད་རྒྱ་ནག་གཞུང་གིས་པན་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་དངོས་སུ་བཞུགས་མིན་གསལ་ཁ་མ་བཏོད་ཚེ་ང་ཚོས་ཁོང་ད་ལྟ་བཞུགས་མིན་ཁ་ཚོན་གཅོད་མི་ཐུབ། ཉིན་ཤས་གོང་ཉི་ཧོང་དུས་བབ་ཀྱི་འགན་འཛིན་ཟུར་པ་ཡོ་ཆི་ཤི་མ་ཚུ་ Yoichi Shimatsu འབོད་པས་པེ་ཅིན་གྱི་ཆིན་ཧྭ་སློབ་གྲྭ་ཆེན་མོའི་བགྲོ་གླེང་ཞིག་གི་སྟེང་དུ། པན་ཆེན་རིན་པོ་ཆེའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་ལོ་མང་པོ་ཞིག་གི་སྔོན་ནས་འདས་གྲོངས་སུ་གྱུར་བ་རེད། ཁོང་འདས་རྐྱེན་ནི་སྐྲན་ནད་དང་ཡང་ན། leukemia ཞེས་པའི་ནད་གཞི་གང་རུང་ལ་བསྟེན་ནས་འདས་པ་རེད། ཡིན་ཡང་། རྒྱ་ནག་གཞུང་གིས་གནས་ཚུལ་འདི་བོད་པ་དང་རྒྱ་ནག་མི་དམངས་གཉིས་ཀར་གསང་བ་བྱས་ཡོད་པ་རེད། ཁོང་གི་གནས་ཚུལ་གྱི་ཁུངས་བཙན་ལ། གནས་ཚུལ་བདེན་པ་ཡིན། ཅེས་བརྗོད་ཚུལ་ཨི་ཊ་ལིའི་གསར་ཤོག་དྲ་རྒྱ་ Corriere Della Sera ཞེས་པའི་སྟེང་བཀོད་ཡོད་པ་རེད། གོང་གི་གནས་ཚུལ་འདི་བདེན་མིན་ད་ལྟའི་ཆར་གསལ་ཁ་བཏོད་ཐུབ་མེད་ལ། ཡིན་ཡང་འདས་པའི་ལོ་འགའི་ཡར་སྔོན་ལ་པན་ཆེན་རིན་པོ་ཆེའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འདས་ཤིང་། ཁོང་གི་སྐུ་ཕུང་ཀན་སུའུ་ནས་མཐོང་སྐོར་གྱི་གནས་ཚུལ་བསླེབས་ཡོད་པ་རེད། ཡིན་ཡང་། རྗེས་སོར་གནས་ཚུལ་དེ་དཀྲོགས་གཏམ་ལྟ་བུ་ཞིག་གི་ངོ་བོར་བཞག་པ་རེད། གོང་གི་གནས་ཚུལ་འདི་དང་འདས་པའི་ལོ་འགའི་ཡར་སྔོན་ལ་ཁོང་སྐུ་གཤེགས་ཚུལ་གྱི་དཀྲོགས་གཏམ་གཉིས་ལ་འབྲེལ་བ་ཡོད་པ་ལྟར་སྣང་བས། ད་ནི་རྒྱ་ནག་གཞུང་གིས་ཁོང་གི་སྐུ་དངོས་སུ་བཞུགས་མིན་སྐོར་བོད་མི་རིགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁུངས་འཕེར་རང་བཞིན་གྱི་གསལ་བཤད་བྱ་དགོས་ཀྱི་ཡོད། འདི་ག་གསར་ཁང་གིས་ཆིན་ཧྭ་སློབ་གྲྭ་ཆེན་མོར་བཞུགས་པའི་སྐུ་ཞབས་ ཡོ་ཆི་ཤི་མ་ཚུ་ ལ་འབྲེལ་བ་འཛིན་ཐབས་བྱས་ཀྱང་འབྲེལ་བ་བྱུང་མ་སོང་ལ། ཁོང་ནི་ད་ཆར་རང་དབང་གསར་འགོད་པ་དང་། དངོས་བྱུང་བརྙན་འཕྲིན་བཟོ་མཁན་ཞིག་ཡིན་ལ། དེང་སྐབས་པེ་ཅིན་གྱི་ཆིན་ཧྭ་སློབ་ཆེན་དུ་བསྡད་ཡོད་ཚུལ་འདུག ཁོང་ལ་འབྲེལ་བ་བྱུང་མཚམས་གནས་ཚུལ་འདི་ཁུངས་འཕེར་ཡིན་མིན།

Apr 22

བོད་པའི་བུ་མོ་གསུམ་ལ་ཁྲིམས་ཐག་བཅད་པ།

pic35

ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་ནས་བོད་པའི་བུ་མོ་གསུམ་ལ་ཁྲིམས་ཐག་བཅད་པ།   ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢༡ རེས་གཟའ་མིག་དམར།   བོད་གཞུང་དྲ་གནས་ལས་བཤུས།   ༄༅།།འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་གཞིགས་ན།ཕྱི་ལོ་༢༠༠༩ཟླ་༤ཚེས་༢༡རེས་གཟའ་མིག་དམར་ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞེས་པས་སྔ་ལོའི་ཕྱི་ཟླ་༣ཚེས་༡༤ཉིན་ཞི་རྒོལ་ནང་བཞུགས་མཁན་བོད་པའི་བུ་མོ་གསུམ་ལ་ཁྲིམས་ཆད་བཏང་ཡོད་པ་རེད། ༡་     སྤེན་སྐྱིད།རང་ལོ་ ༢༡ སྐྱེས་ཡུལ་ས་སྐྱ་རྫོང་ཁོངས་འབྲོག་ར་ཤང་ནོར་བུ་གྲོང་ཚོ་ནས་ཡིན་ཞིང༌། རྒྱུན་གཏན་ལྷ་སར་སྡོད་ཀྱི་ཡོད། ༢༠༠༨ ཕྱི་ཟླ་ ༣ ཚེས་ ༡༤ ཉིན་ཞི་རྒོལ་ནང་བཞུགས་རྗེས་པེ་ཅིང་ཤར་ལམ་དུ་ཡོད་པའི་དབྱི་ཁྲུན་གྱོན་ཆས་ཚོང་ཁང་ལ་མེ་བརྒྱབ་སྟེ་མི་ལྔ་བསད་པའི་ཉེས་འཛུགས་འོག་སྲོག་ཐོག་གི་ཁྲིམས་ཆད་བཏང་འདུག   ༢་     འཆི་མེད་ལྷ་མོ། རང་ལོ་ ༢༠ སྐྱེས་ཡུལ་གཞིས་རྩེ་རྣམ་གླིང་རྫོང་རྣམ་གླིང་ཤང་ཞོལ་སྟོད་གྲོང་ཚོ་ནས་ཡིན་ཞིང༌། གོང་གསལ་གྱོད་གཞིའི་ཉེས་འཛུགས་འོག་དུས་ཡུན་ལོ་ ༡༠ དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཏང་ཡོད་པ་དང༌། བུད་མེད་གསུམ་པོ་ ༢༠༠༨ ཕྱི་ཟླ་ ༣ པའི་ནང་འཛིན་བཟུང་བྱས་ཡོད་འདུག     ༣་     སྤེན་སྐྱིད།སྤེན་སྐྱིད། རང་ལོ་ ༢༣ སྐྱེས་ཡུལ་སྙེ་མོ་རྫོང་ཁོངས་མར་རྐྱང་ཤང་ཐང་སྟོད་གྲོང་ཚོ་ནས་ཡིན་ཞིང༌། ༢༠༠༨ ཕྱི་ཟླ་ ༣ ཚེས་ ༡༤ ཉིན་གྱི་ཞི་རྒོལ་ནང་བཞུགས་རྗེས་པེ་ཅིང་ཤར་ལམ་དུ་ཡོད་པའི་དབྱི་ཁྲུན་གྱོན་ཆས་ཚོང་ཁང་ལ་མེ་བརྒྱབ་སྟེ་མི་ལྔ་བསད་པའི་ཉེས་འཛུགས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག   གོང་གསལ་གྱི་བུ་མོ་གསུམ་པོ་དེ་དག་ནམ་རྒྱུན་ལྷ་སར་སྡོད་ཀྱི་ཡོད་པ་ཡིན་འདུག་ཀྱང༌།ལས་རིགས་ཁ་གསལ་ཞིག་མི་འདུགཁག་གཅིག་ནས་ཁོང་ཚོ་གད་ཕྱིས་བྱེད་མཁན་ཡིན་པའི་བཤད་ཚུལ་དེ་འདྲ་འདུག་ཀྱང་ཁུངས་བཙན་མི་འདུག 

Apr 09

བོད་མི་གཉིས་ལ་སྲོག་ཁྲིམས།

བོད་མི་གཉིས་ལ་ལོ་སྔོན་མའི་ངོ་རྒོལ་ལས་འགུལ་སྐབས་ལྷ་སར་མེ་བརྒྱབ་ནས་མི་བསད་ཚུལ་སྐྱོན་འཛུགས་ཀྱིས་སྲོག་ཁྲིམས་བཅད་ཡོད་འདུག   དེ་ཡང་ལྷ་ས་མི་དམངས་འབྲིང་རིམ་ཁྲིམས་ཁང་ཟེར་བས་བོད་མི་གཉིས་ཀྱི་ལོ་སྔོན་མའི་གསུམ་བཅུ་དུས་དྲན་སྐབས་ལྷ་སར་བསླངས་པའི་ངོ་རྒོལ་ལས་འགུལ་ཁྲོད་ཚོང་ཁང་ལ་མེ་བརྒྱབ་ནས་ཚོང་ཁང་དག་གི་བདག་པོ་དང་ལས་བྱེད་པ་མཉམ་དུ་བསད་པའི་ཉེས་པ་བཙུགས་ཏེ་སྲོག་ཐོག་གི་ཁྲིམས་ཐག་དང༌། བོད་མི་གཞན་གཉིས་ལ་དུས་འགྱངས་སྲོག་ཆད་ཀྱི་ཁྲིམས་ཐག་དང་གཞན་བོད་མི་གཅིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་འདུག སྲོག་ཁྲིམས་བཅད་པའི་བོད་མི་གཉིས་ཀྱི་གཅིག་གི་མིང་ལ་བློ་བཟང་རྒྱལ་མཚན་དང་གཞན་པ་དེའི་མིང་ལ་བློ་ཡར་ཟེར་། སྲོད་ཆད་དུས་འགྱངས་བཅད་པའི་བོད་མི་གཉིས་པོ་ནི་གངས་འཚོ་དང་བསྟན་འཛིན་ཕུན་ཚོགས་ཟེར་ཞིང༌། ཟླ་བ་བཟང་པོ་ཟེར་བར་ཚེ་བཙོན་བཅད་འདུག  འདི་ནི་རྒྱ་ནག་གཞུང་གིས་༼གསུམ་གཅིག་བཞི་དོན་རྐྱེན་༽ཟེར་བའི་རྗེས་སྲོག་ཁྲིམས་བཅད་པ་དང་པོ་དེ་རེད། ཟླ་འདིའི་ཚེས་གསུམ་ཉིན་ལྷ་ས་འབྲིང་རིམ་ཁྲིམས་ཁང་གིས་ཁྱོན་བསྡོམས་བོད་མི་ལྔ་ལ་ཁྲིམས་ཐག་བཅད་ཡོད་ཅིང༌། ཁོང་ཚོར་མེ་བསྲེགས་བཏང་པའི་གྱོད་དོན་གསུམ་ནང་ཞུགས་ཡོད་ལུགས་དང༌། མེ་བསྲེགས་དོན་རྐྱེན་ཁྲོད་མི་བདུན་བསད་ཡོད་པ་དང་ཚོང་ཁང་ལྔ་བསྲེགས་ཡོད་ལུགས་ཉེས་འཛུགས་བྱས་ཡོད་འདུག༌།  ན་ནིང་གསུམ་བཅུ་དུས་དྲན་སྐབས་བསླངས་པའི་བོད་མི་ཞི་རྒོལ་ཆེན་མོའི་རྗེས་ནས་ད་བར་དུ་བོད་རང་སྐྱོང་ལྗོངས་ཁོ་ནའི་ནང་དུ་བོད་མི་བདུན་ཅུ་དོན་དྲུག་ལ་ཁྲིམས་ཆད་བཅད་ཡོད་ཅིང༌། བོད་ཀྱི་ས་གཞན་དག་ཏུ་བོད་མི་གང་མང་ཞིག་ལ་ཁྲིམས་ཆད་བཅད་པར་བོད་མིའི་ཞི་རྒོལ་དང་འབྲེལ་བ་ཡོད་པ་རྒྱ་ནག་གཞུང་གིས་ངོས་ལེན་བྱས་མེད་པ་རེད༌། བོད་མི་གཉིས་ལ་སྲོག་ཁྲིམས་བཅད་པའི་གནས་ཚུལ་དེའི་ཐད་བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་སྤྱིར་ན་བོད་ནང་དུ་དྲང་བདེན་མེད་པ་བཞིན་ལྷག་པར་དུ་ཚེས་གསུམ་ཉིན་ལྷ་ས་འབྲིང་རིམ་ཁྲིམས་ཁང་ཟེར་པས་བོད་མི་ཚོར་སྲོག་ཁྲིམས་དང་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དེ་ནི་དྲང་བདེན་ཞིག་གཏན་ནས་མིན་པ་མ་ཟད༌། རྒྱ་ནག་གཞུང་གི་བྱ་སྤྱོད་དེའི་རིགས་ཀྱིས་བོད་ནང་གི་རྙོག་འཛིང་ཇེ་ཆེ་གཏོང་སྲིད་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག   ༼ཡོང་ཁུངས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།༽