Monthly Archive: December 2009

Dec 19

ཀྲུའུ་ཝེ་ཆུན་གྱིས་རྒྱ་རི་བློ་གྲོས་རྒྱུལ་མཚན་གྱི་བསྒྲགས་གཏམ་ལ་ལན་འདེབས་བྱས་པ།

truwechon

ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆུན། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཟེར་བའི་དྲ་གནས་ཐོག་འདི་ལྟརབཀོད་འདུག (http://www.tibet.cn)ཟླ༡༢པའི་ཚེས༡༧ཉིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆུན་གྱིས་ཏཱ་ལའི་བླ་མའི་མི་སྒེར་གྱི་འཐུས་མི་རྒྱ་རི་བློ་གྲོས་ཀྱིས་ཟླ༡༢པའི་ཚེས༡༠ཉིན་བཏོན་པའི་གསལ་བསྒྲགས་ཀྱི་ཐད་ནས་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་གཤམ་གསལ་ལྟར།       གསར་འགོད་པས།   ཟླ༡༢པའི་ཚེས༨ཉིན་ཁྱེད་ཀྱིས་ང་ཚོའི་བཅར་འདྲི་དང་ལེན་གནང་སྐབས་འདི་སྐད། ཏཱ་ལའི་བླ་མས་ཀྲུང་དབྱང་གི་འཐུས་མིས་མཇལ་འཕྲད་གྲོས་མོལ་གནང་བའི་ཐད་དཀྲོག་གཏམ་བཟོས་ཤིང་།   ཁྱེད་ཀྱིས་“ཏཱ་ལའི་བླ་མས་བོད་རང་བཙན་བྱེད་པའི་རེ་འདོད་མེད”ཅེས་པའི་སྐད་ཆ་ཞིག་རྩ་བ་ནས་བཤད་མ་མྱོང་བ་དང་། ཏཱ་ལའི་ཡིས་འཛམ་གླིང་ཡོངས་ཀྱི་མི་རྣམས་ལ་རྫུན་གཏམ་བརྗོད་བཞིན་འདུག་ཅེས་བསྟན་པ་རེད།    ཁྱེད་ཀྱི་ཐེངས་འདིའི་བཅར་འདྲིའི་གླེང་མོལ་ལ་རྒྱལ་ཁབ་ཕྱི་ནང་གི་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག ཕྱི་རྒྱལ་གློག་འཕྲིན་ཚན་པས་བསྒྲགས་པ་ལྟར་ན།   ཟླ༡༢པའི་ཚེས༡༠ཉིན་ཏཱ་ལའི་མི་སྒེར་གྱི་འཐུས་མི་རྒྱ་རི་བློ་གྲོས་ཀྱིས་ཕྱིའི་ཡུལ་དུ་གསལ་བསྒྲགས་ཤིག་སྤེལ་ཏེ་ཏཱ་ལའི་བླ་མའི་ཕྱོགས་ཀྱི་རྒྱུ་མཚན་གསལ་འགྲེལ་བྱས་ཡོད་པ་རེད།   ཁྱེད་ཀྱིས་གསལ་བསྒྲགས་དེ་ལ་ལྟ་ཚུལ་ཅི་ཞིག་འཛིན་ནམ།      ཀྲུའུ་ཝེ་ཆུན་གྱིས་འདི་སྐད།   ངས་ཟླ༡༢པའི་ཚེས༨ཉིན་དོན་དག་དེ་བརྗོད་སྐབས་གནས་ཚུལ་དེའི་སྔ་གཞུག་གི་གོ་རིམ་ཧ་ཅང་ཁ་གསལ་བ་རེད། སྔར་ཡིན་ན་ད་དུང་མུ་མཐུད་དུ་བརྗོད་རྒྱུའི་འཆར་གཞི་མེད་མོད།   ཡིན་ནའང་རྒྱ་རི་བློ་གྲོས་ཀྱི་གསལ་བསྒྲགས་མཐོང་བ་ལས།   གལ་ཏེ་སྐད་ཆ་རེ་མ་བཤད་ན་རྒྱ་རི་བློ་གྲོས་ཀྱི་ཤ་ཚ་བའི་གཏམ་དེ་སྣང་མེད་དུ་བཞག་སོང་སྙམ་ནས་བློ་བདེ་བོ་མི་འདུག་ཞེས་གསུངས་པ་རེད།       གསར་འགོད་པས།   རྒྱ་རིས་གསལ་བསྒྲགས་ཁྲོད་དུ་ད་དུང་།    ཁོ་ཚོས་སྔོན་ཆད་ “ཕྱོགས་གཉིས་ཀས་གྲོས་མོལ་གྱིས་གསལ་བསྒྲགས་ལ་མིང་རྟགས་འགོད་པའི་གྲོས་གཞི་བཏོན”མྱོང་ཞིང་།   ཁོ་ཚོས་ད་དུང《བོད་མི་རྣམས་ལ་ངེས་པ་དོན་དུ་རང་སྐྱོང་ཐོབ་ཕྱིར་བཞག་པའི་དྲན་ཐོ》ཞེས་བྱ་བ་ཞིག་སྤྲད་མྱོང་མོད། འོན་ཀྱང་ཀྲུང་དབྱང་གིས་མངགས་པའི་འཐུས་མིས་སྐབས་འཕྲལ་ཁས་མི་ལེན་ཟེར་བའི་གནས་ཚུལ་དེ་བདེན་ནམ།       ཀྲུའུ་ཝེ་ཆུན་གྱིས། སྐུ་ཞབས་རྒྱ་རིས་ལྐོག་ངན་ཡིད་ལ་བཅངས་ནས་ཏཱ་ལའིས་རྫུན་བཤད་ཀྱིན་ཡོད་དམ་ཞེས་པ་ལྟ་བུའི་བརྗོད་པར་བྱ་བའི་གཞི་གང་ཡིན་པ་དེ་དག་ལས་གཡོལ་ཅི་ཐུབ་བྱས་ཏེ།   ཀུན་གྱི་བློ་ཁ་གཞན་ཕྱོགས་སུ་དཀྲི་ཅི་ཐུབ་བྱེད་ཀྱིན་འདུག    འོན་ཀྱང་སྐད་ཆ་བཤད་མཚམས་འདིར་སླེབས་དུས།   ངས་རྒྱ་རིའི་སྐད་ཆ་དེ་གཉིས་ལས་གནས་ཚུལ་དངོས་ཤིག་མཚོན་ཡོད་ཅེས་ཀྱང་བཤད་པ་ཡིན། ཀྲུང་དབྱང་གིས་ཏཱ་ལའི་བླ་མར་འཛིན་པའི་སྲིད་ཇུས་ནི་གསལ་བོ་ཡིན་ལ་འགྱུར་མེད་ཀྱང་ཡིན། དེ་བས།  རྒྱ་རི་ནི་ཁོ་ཚོ་མི་གཞན་པ་དག་ལས་གནས་ཚུལ་འདིའི་ཕྱོགས་ལ་གསལ་ཆ་ཆེན་པོ་ཡོད།   སྐུ་ཞབས་རྒྱ་རིས་གལ་ཏེ་“རང་བཙན་ཕྱེད་ཀ”དང“རྣམ་པ་འགྱུར་བའི་རང་བཙན”ཞེས་པའི་བྱེད་ཐབས་བཀོལ་ནས་ཀྲུང་དབྱང་ལ་མགོ་སྐོར་གཏོང་འདོད་ཡོད་ཚེ། དེའི་མཇུག་འབྲས་ནི་སྔར་དང་མི་མཚུངས་པ་འགའ་ཡང་མེད།   ཅེས་གསུངས་པ་རེད།

Dec 19

དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱི་བསྒྲགས་གཏམ།

gari

༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་ཟླ་འདིའི་ཚེས་༡༠ ཉིན་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད། “བསྒྲགས་གཏམ་དེའི་ནང་འཁོད་དོན། ང་ཚོས་ཉེ་དུས་རྒྱ་ནག་གི་དཔོན་རིགས་ཚོ་དང་གྲོས་བསྡུར་གྱིས་ཐེངས་རྗེས་མའི་གྲོས་མོལ་གྱི་གནད་དོན་དེའི་ཐད་ལ། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་ཀྲོའུ་ཝི་ཆུན་གྱི་བཅར་འདྲི་ཁག་གཅིག་འགྲེམས་སྤེལ་བྱས་ཡོད་པ་དེའི་ནང་དོན་དང་དུས་ཚོད་ཀྱིས་ང་ཚོ་རྨོངས་སུ་བཅུག་བྱུང༌། ངས་ཤེས་རྟོགས་བྱུང་བ་ལྟར་བྱས་ན་རྒྱ་ནག་གི་དཔོན་རིགས་ཚོའི་ངོས་ནས། བོད་ཕྱོགས་ཀྱི་རེ་འདུན་བཞིན་ཕྱོགས་གཉིས་ཀྱི་གྲོས་མོལ་མུ་མཐུད་འདོད་ཡོད་པ་རེད་ལ། གྲོས་མོལ་གྱི་མཐར་ཐུག་བོད་ཀྱི་གནད་དོན་དེ། གཉིས་མོལ་གྱི་འདོད་བློ་དང་མཐུན་པའི་ཐོག་ནས་ཞི་མོལ་བྱས་ཏེ་དཀའ་རྙོག་སེལ་ཐབས་བྱེད་དགོས་པ་དེ་ང་ཚོའི་ངོས་ནས་རེ་བ་བྱེད་ཀྱི་ཡོད། ༢༠༠༦ ལོའི་ཟླ་བ་༢ པའི་གྲོས་མོལ་ཐེངས་ལྔ་པའི་སྐབས། རྒྱ་ནག་ཕྱོགས་ནས་ྋགོང་ས་མཆོག་གིས་རང་བཙན་རྩོད་ཀྱི་མེད་པ་དང༌། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ། བོད་ཀྱི་དཀའ་རྙོག་སེལ་བའི་ཐབས་ལམ་འཚོལ་གྱི་ཡོད་པ་གསལ་པོ་ཆགས་ཡོད་ཅེས་གསུངས་ཡོད་པ་རེད་”ཅེས་འཁོད་འདུག མཇུག་གི་ལེ་ཚན་ནང་འཁོད་དོན། “༢༠༠༦ ལོའི་ཟླ་བ་༥ པ་ནས་འགོ་བཙུགས་ཏེ་རྒྱ་ནག་གི་དཔོན་རིགས་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་དང༌། ྋགོང་ས་མཆོག་ལ་མཚན་སྨད་ཞུས་པ། བོད་མི་ཚོའི་ཆོས་ལུགས་ཀྱི་བྱེད་སྒོ་བཀག་པ་སོགས་བྱས་པ་དང༌། དེ་ནས་༢༠༠༨ ལོར་བོད་ནང་གྱེན་ལངས་ཆེན་མོ་དེ་བྱུང་ནས། རྒྱ་བོད་གཉིས་དབར་འབྲེལ་མོལ་དང། སྟབས་བདེ་ནང་མོལ་ཐོག་ནས་གྲོས་མོལ་ཐེངས་གཉིས་བྱུང་བའི་ནང་ནས། ༢༠༠༨ ལོའི་གྲོས་མོལ་བརྒྱད་པའི་སྐབས་བོད་མིའི་དགོས་འདུན་བཏོན་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་གི་ཟིན་བྲིས་དེ་ཕུལ་པ་རེད། ཟིན་བྲིས་དེའི་ནང་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ། བོད་མི་ཚོའི་གཞི་རིམ་གྱི་དགོས་མཁོ་རྣམས་གསལ་ཁ་བཏོན་ཡོད་པ་རེད་དེ། རྒྱ་ནག་ཕྱོགས་ནས་དོན་ཚན་ཚང་མ་ངོས་ལེན་བྱས་ཡོད་པ་མ་རེད། ྋགོང་ས་མཆོག་གིས་ད་དུང་ཡང་གྲོས་མོལ་གྱི་གོམ་པ་རིམ་གྱིས་སྤོས་ནས། ཐེངས་ཤིག་རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་དུ་གྲོས་མོལ་ཡོང་ཐུབ་པའི་དགོངས་གཞི་བཅང་ཡོད་པ་རེད་ཅེས་འཁོད་འདུག ལེ་ཚན་གཅིག་གི་ནང་དུ་ཡང་ཁོང་གིས། ༢༠༠༨ ལོར་ཟླ་བ་༥ པའི་ང་ཚོ་གཞུང་སྟབས་བདེ་ནང་མོལ་ཆེད་རྒྱ་ནག་ཏུ་འགྲོ་སྐབས། རྒྱ་ནག་ཕྱོགས་ནས་མཚམས་འཇོག་བྱེད་དགོས་པ་གསུམ་ཟེར་བ་བརྗོད་ཡོད་པར་ང་ཚོས་ངོས་ལེན་བྱས་མེད་པ་རེད། དེ་རྗེས་རྒྱབ་སྐྱོར་མི་བྱེད་པ་བཞི་ཟེར་བ་བརྗོད་ཡོད་པ་རེད། རྒྱ་ནག་གི་ངོས་ནས་མཚམས་འཇོག་བྱེད་དགོས་པ་གསུམ་དེ་རྒྱབ་སྐྱོར་མི་བྱེད་པ་བཞི་ཟེར་བར་བསྒྱུར་པ་དེས། ྋགོང་ས་མཆོག་གིས་རང་བཙན་གྱི་ལས་འགུལ་སོགས་ལ་སྣང་བ་གང་དྲན་གྱིས་ཕྱག་ལས་གནང་གི་མེད་པ། རྒྱ་ནག་གི་དཔོན་རིགས་ཚོས་ངོས་ལེན་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་རེད། ཡིན་ནའང་ཉེ་དུས་པེ་ཅིང་ནས་བཏོན་པའི་བསྒྲགས་གཏམ་དེས་ང་ལ་དྲན་གསོ་ཞིག་བཏང་བྱུང༌། རྒྱ་གཞུང་གི་ལས་བྱེད་ལོ་མང་རིང་བྱེད་མྱོང་བའི་མཁས་དབང་བོད་ཀྱི་གནད་དོན་ཐད་ལ་འབྲེལ་ཡོད་གཅིག་གིས་ང་ལ་བསླབ་བྱ་ཞིག་རྒྱག་མྱོང༌། དེ་ཡང་ཁོང་གིས། ང་ཚོས་རྒྱ་ནག་གི་དཔོན་རིགས་ཚོར་ཆབ་སྲིད་ཀྱི་སྙིང་སྟོབས་སྐྱེས་ཏེ། ྋགོང་ས་མཆོག་ལ་གཡོགས་པའི་ཁ་བྲལ་རིང་ལུགས་ཀྱི་ཞྭ་མོ་ཕུད་རྒྱུའི་རེ་བ་བྱེད་རྒྱུ་ཡོད་མ་རེད། གལ་སྲིད་རེ་བ་དེ་བྱས་པ་ཡིན་ནའང་རྒྱ་ནག་གི་དཔོན་རིགས་ཚོས་ྋགོང་ས་མཆོག་གིས་ཁ་བྲལ་གྱི་ལས་ཀ་བྱེད་ཀྱི་མེད་པ་གསལ་པོ་ཤེས་ཀྱི་ཡོད་རེད། ཡིན་ནའང་གལ་སྲིད་རྒྱ་ནག་གི་དཔོན་རིགས་ཚོས་ཁ་བྲལ་གྱི་ཞྭ་མོ་དེ་ཕུད་པ་ཡིན་ན། དཔོན་རིགས་དེ་དག་གིས་བོད་ཀྱི་གནད་དོན་དང་ྋགོང་ས་མཆོག་བོད་དུ་ཕྱིར་ཕེབས་རྒྱུའི་གནད་དོན་ཐད་ལ། རྒྱ་ནག་མི་མང་ལ་འགྲེལ་བརྗོད་བྱས་པའི་ཆབ་སྲིད་ཀྱི་གཡོ་སྒྱུ་དེ་ནམ་ཡང་དག་ཐེར་བྱེད་ཐུབ་ཀྱི་ཡོད་མ་རེད་”ཅེས་གསུངས་བྱུང་ཞེས་དང། བསྒྲགས་གཏམ་དེའི་ནང་མུ་མཐུད་འཁོད་དོན། “རྒྱ་ནག་ཕྱོགས་ནས་ང་ཚོར་གསར་འགོད་པ་བརྒྱུད་ནས་ཞི་མོལ་བྱེད་རྒྱུར་ཉེན་བརྡ་གཏོང་གི་ཡོད་པ་དང༌། ཁོ་ཚོས་གདོང་དང་གདོང་ཐུག་ནས་གནད་དོན་རྣམས་ཁ་ཐུག་སྐད་ཆ་ཤོད་རྒྱུར་འདོད་པ་ཡོད་ཚུལ་བརྗོད་ཡོད་པ་རེད། ཡིན་ནའང་རྒྱ་ནག་ཕྱོགས་ནས་བརྒྱུད་ལམ་ནས་བཅར་འདྲི་ཁག་ཁྱབ་བསྒྲགས་བྱས་ཏེ་གྲོས་མོལ་ལ་བར་ཆད་གཏོང་བཞིན་ཡོད་པ་མཐོང་གི་འདུག་ལ། …

Continue reading »

Dec 15

འཇམ་དབྱངས་ནོར་བུས་མེར་གོར་སི་ཏན་ལ་འགྲམ་ལྕག་ཞུས་འདུག

འཇམ་དབྱངས་ནོར་བུས་མེར་གོར་སི་ཏན་ལ་འགྲམ་ལྕག་ཞུས་འདུག       ནགས་ཤོད་རིག་རལ།   བོད་ཀྱི་རིག་གནས་ལ་དོ་སྣང་ཡོད་མཁན་མང་པོ་ཞིག་གིས་མེར་ཝན་གོར་སི་ཏན་གྱིས་བརྩམས་པའི་བོད་ཀྱི་ཉེ་རབས་ལོ་རྒྱུས་བླ་མའི་རྒྱལ་རབས་ཉམས་ཚུལ་ཞེས་པ་དེ་ད་དུང་དཔེ་ཆ་རྩ་ཆེན་ཞིག་ཏུ་བརྩིས་ནས་དཔེ་ཁྲིའི་ཟུར་གང་རུང་ཞིག་ལ་སྒྲིག་ཡོད་ངེས་རེད།     ང་རང་ཡང་མི་མང་པོ་ཞིག་དང་འདྲ་བར་ཐོག་མར་དེབ་དེ་ལྟ་ཀློག་བྱེད་དུས་གཅིག་ནས་ཕྱི་རྒྱལ་བ་ཞིག་གིས་བྲིས་པས་ལོ་རྒྱུས་དངོས་ཀྱི་རིན་ཐང་ཆེ་བར་སྙམ་པ་དང་། གཉིས་ནས་བོད་ནང་ཁུལ་དུ་དེ་ལྟ་བུའི་བོད་ཀྱི་ཉེ་རབས་ལོ་རྒྱུས་གླེང་བའི་དེབ་ཉུང་བ།  གསུམ་ནས་སྐབས་དེར་དཔེ་དེབ་དེ་ནི་གཞུང་གི་མིག་འོག་ནས་ཤོར་བ་ལྟ་བུའི་གཏམ་འཆལ་འགའ་ཁྱབ་ཡོང་བ་དེ་དག་གིས་རང་ཉིད་ཀྱི་ལག་ཏུ་དཔེ་དེབ་དེ་ཐོབ་ཚེ་ནོར་བུ་ཞིག་རག་པའི་ཚོར་སྣང་བྱུང་།    བོད་ནང་ཁུལ་དུ་ཁྱབ་པའི་དཔེ་དེབ་རྒྱ་སྒྱུར་མ་དེ་ལས་མི་རིགས་ཀྱི་ལས་དབང་ལ་དོ་སྣང་ཅན་གྱི་ཤེས་ཡོན་པ་ཀུན་གྱིས་གོ་མ་མྱོང་བའི་ཉེ་རབས་བོད་ཀྱི་ལོ་རྒྱུས་གཏམ་གསར་འགའ་ཐོས་པ་ཙམ་གྱི་མྱོང་བ་ལས། མེར་ཝན་གོར་སི་ཏན་གྱིས་ཀུན་སློང་ངན་པ་ཇི་ལྟ་བུ་ཞིག་གི་འོག་ཏུ་བོད་ཀྱི་ཉེ་རབས་ལོ་རྒྱུས་རུལ་དྲི་ཁ་བ་ལྟ་བུ་ཞིག་བཟོ་དགོས་དོན་དང་ཇི་ལྟར་བཟོས་པའི་སྐོར་ལ་བོད་ཀྱི་ལོ་རྒྱུས་སྨྲ་བ་འཇམ་དབྱངས་ནོར་བུས་འགྲམ་ལྕག་མེ་སྟག་མཆེད་དགོས་པ་ཞིག་ཞུས་པའི་སྐོར་ལ་གཅིག་བྱས་ན་ད་དུང་དོ་སྣང་བྱུང་ཡོད་ཀྱི་མ་རེད།    ཕྱི་རོལ་དུ་འཇམ་དབྱངས་ནོར་བུས་ལུང་དང་རིགས་པར་བརྟེན་ནས་བོད་སྐོར་གྱི་རྩོམ་འབྲི་མཁན་གྱི་ཕྱི་རྒྱལ་བ་ཡིན་ན་བོད་ལ་ཞེ་དཀར་བའི་ངེས་པ་མེད་རབས་དང་།  ལུང་དང་རིགས་པར་བརྟེན་ནས་མེར་ཝན་གོར་སི་ཏན་གྱི་བཅོས་མའི་འཛུམ་གྱི་འོག་ཏུ་གབ་པའི་གདོང་རིས་ངོ་མ་ཐེར་འདོན་བྱས་ཡོད་པ་རེད།      གོར་སི་ཏན་གྱིས་ལོ་རྒྱུས་དེབ་དེ་ཉིད་རྩོམ་པའི་སྐབས་སུ་ཆེ་བ་གོང་ས་ནས་ཆུང་བ་བོད་ཀྱི་ཤེས་ཡོན་ཅན་མང་པོ་ཞིག་གིས་ཁོ་ལ་རོགས་པ་བྱེད་མྱོང་ཡོད་པ་དང་བོད་གཞུང་དཔེ་མཛོད་ཁང་དུ་གང་འདོད་འགྲོ་ཆོག་པའི་སྟབས་བདེ་ཡང་བྱུང་མྱོང་ཡོད་མོད།  ཁོང་གི་སྨྱུག་རྩེ་ནས་ཐོན་པའི་ཉེ་རབས་བོད་ཀྱི་ལོ་རྒྱུས་དེ་ནི་ལོ་རྒྱུས་དཔེ་ཆ་ཞིག་དང་མི་འདྲ་བ་མ་ཚད་སྐབས་དེའི་གཏམ་འཆལ་ཕྱོགས་བསྡུས་བྱས་ནས་བོད་པའི་གདོང་པར་སྐྱག་པ་བྱུགས་བྱེད་ལྟ་བུ་ཞིག་བཟོས་ཡོད་པ་རེད།    འཇམ་དབྱངས་ནོར་བུས་བརྩམས་གནང་བའི་དེབ་ཐེར་ནག་པོའི་ནང་དུ། གོར་སི་ཏན་གྱིས་ཇི་ལྟར་ར་སྒྲེང་རིན་པོ་ཆེའི་འཚོ་བའི་ནང་གི་བུད་མེད་དང་དགེ་འདུན་ཆོས་འཕེལ་གྱིས་འགྱིག་གི་རྩེད་ཆས་ཉར་བའི་གཏམ་འཆལ་སྲང་ལམ་ཁྲོད་དུ་གང་བྱུང་ཁྱབ་པ་དེ་དག་མི་རིགས་ཞིག་གི་རྒྱལ་རབས་ལོ་རྒྱུས་གླེང་བའི་སྐབས་སུ་རྒྱས་བཤད་བྱས་པ་དེ་དག་མི་རིགས་གང་ཞིག་གི་རྒྱལ་རབས་ལོ་རྒྱུས་བྲི་སྟངས་ཀྱི་ཚད་ལས་བརྒལ་བ་དང་། ཉེ་རབས་ལོ་རྒྱུས་ནང་དུ་བོད་རིགས་ཀྱི་སྙིང་སྟོབས་མཚོན་པ་མ་ཟད་ཆབ་སྲིད་ཀྱི་ཐོག་ནས་གལ་ཆེའི་དོན་སྙིང་མཚོན་པའི་ཤིང་འབྲུག་དམག་དང་། རྒྱ་འབུད་ཆུ་བྱི་དམག།  ༡༩༡༨ལོར་བོད་གཞུང་གིས་དམག་བཏང་ནས་ཁམས་བཅིངས་དཀྲོལ་བཏང་བའི་བསྐལ་པ་གསར་པར་འབོད་པ་དེ་དག་གི་སྐོར་གོར་སི་ཏན་གྱིས་ཡིག་འབྲུ་ཉུང་ཉུང་དང་ཁ་ཤས་རྩ་བ་ནས་མ་བྲིས་པ་ལས་ཁོང་གི་སེམས་སུ་རྒྱ་མི་བོད་ལ་མ་སླེབས་གོང་གི་བོད་པའི་སྤྱི་ཚོགས་དེ་ཉིད་དྲི་མ་ཁ་བ་ཞིག་བཟོ་འདོད་པའི་ཀུན་སློང་གིས་རྐྱེན་བྱས་པ་གསལ་པོར་བསྟན་ཡོད།     སྤྱིར་མེར་ཝེན་གོར་སི་ཏན་གྱི་ལོ་རྒྱུས་དེབ་དེ་ཡང་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ནང་དུ་ལས་ཀ་བྱེད་མཁན་རྒྱ་མི་ཏུ་ཡུང་པིང་ཞེས་པ་ཞིག་གིས་བསྒྱུར་བ་དང་། དཔེ་དེབ་དེ་དག་ཡང་ནང་ཁུལ་དུ་ཤར་རྒྱུགས་ཐུབ་དོན་སོགས་ལས་ཀྱང་དེབ་དེ་དག་གིས་སུ་ལ་ཕན་དང་སུ་ལ་གནོད་པའི་ཐད་བསམ་མནོ་ཞིག་བཏང་ན་རྟོགས་དཀའ་བ་མ་ཡིན།       རྩོམ་ཐུང་འདི་ནི་བོད་ཀྱི་མཁས་དབང་འཇམ་དབྱངས་ནོར་བུ་ལགས་ཀྱིས་བརྩམས་གནང་བའི་དེབ་ཐེར་ནག་པོ་ཞེས་པ་རིན་ཐང་ཆེ་བའི་སྐོར་བོད་ནང་གི་གྲོགས་པོ་རྣམས་ལ་གསལ་འདེབས་ཀྱི་ཚུལ་ཙམ་ཏུ་ཕུལ་བའོ། །   འཇམ་དབྱངས་ནོར་བུ་ལགས་ཀྱི་དེབ་ཐེར་ནག་པོ་གཟིགས་ན་འོད་དཀར་དྲ་ཚིགས་སུ་ཕེབས་རོགས།

Dec 15

བཙོན་གྲོལ་ཐོབ་པར་རྟེན་འབྲེལ་ཞུས།

4243E781-A806-40

བཙོན་གྲོལ་ཐོབ་པར་རྟེན་འབྲེལ་ཞུས།   སྔར་ལོའི་ཞི་རྒོལ་སྐབས་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་རྔ་བ་སྒོ་མང་དགོན་པའི་གྲྭ་ཆོས་སྐྱོང་ལགས་གློད་གྲོལ་ཐོབ་པར་གྲྭ་མང་ཚོས་རྟེན་འབྲེོལ་ཞུས་ཡོད་སྟབས། རྣམ་འགྱུར་ཡག་པོ་མི་འདུག་ཟེར་ནས་གྲྭ་བཀྲ་ཚེ་ལགས་ཀྱི་གློད་གྲོལ་དུས་ཚོད་ཕྱིར་འགྱངས་བྱས་སོང་ཟེར། ཁ་སང་བོད་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ལོ་སྔོན་མའི་ཕྱི་ཟླ་གསུམ་པའི་ནང་རྔ་བ་ཁུལ་གྱི་ཞི་རྒོལ་རྗེས་སུ་རྒྱ་གཞུང་གི་ཉེན་རྟོག་པས་ཞི་རྒོལ་སྣེ་ཁྲིད་མཁན་སུ་ཡིན་བརྩད་གཅོད་བྱས་ཡོད་པ་དང་། སྐབས་དེའི་རྙོག་ཟིང་གི་སྣེ་ཁྲིད་མཁན་དག་གིས་རང་འགུལ་ཐོག་ངོས་ལེན་མ་བྱས་པ་ཡིན་ན། ས་གནས་མི་མང་ཚང་མར་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ་ཡོད་འདུག སྐབས་དེར་རྔ་བ་སྒོ་མང་དགོན་པའི་དགེ་འདུན་པ་ཆོས་སྐྱོང་ལགས་དང་བཀྲ་ཚེ་ལགས་རྣམ་གཉིས་ཀྱིས་དང་བླངས་སྒོས་ཞི་རྒོལ་གྱི་སྣེ་ཁྲིད་པ་ཡིན་པའི་ངོས་ལེན་གནང་སྟེ། ཉེས་པ་གང་ཡོད་མི་མང་གི་ཚབ་ཏུ་ཁོང་གཉིས་འཁུར་རྒྱུ་ཡིན་པའི་ཁས་ལེན་གནང་ཡོད་སྟབས། རྒྱ་གཞུང་གིས་ཁོང་གཉིས་འཛིན་བཟུང་གིས་ལོ་གཅིག་དང་ཟླ་བ་དགུ་ཙམ་ལ་བཙོན་འཇུག་བཀག་ཉར་བྱས་མཐར། ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཟི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ནས་གློད་གྲོལ་བཏང་ཡོད་འདུག གྲྭ་ཆོས་སྐྱོང་ལགས་ཕྱིར་ཕ་ཡུལ་དགོན་ནང་ལ་འབྱོར་མ་ཐག ས་གནས་མང་ཚོགས་དང་དགོན་པའི་དགེ་འདུན་པ་རྣམས་ཀྱིས་གྲྭ་ཆོས་སྐྱོང་བཙོན་གྲོལ་ཐོབ་པར་རྟེན་འབྲེལ་ཞུས་ཏེ། ཁ་བཏགས་འཐེན་པ་དང་གསོལ་སྟོན་བཤམས་སོགས་བྱས་ཡོད་འདུག་ལ། ཁོང་གིས་བཙོན་རོགས་བཀྲ་ཚེ་ཡང་ཉིན་ ༥ ལས་འགྱངས་པར་གློད་གྲོལ་གཏོང་རྒྱུ་ཡིན་པའི་གནས་ཚུལ་ཡུལ་མི་ཚོར་བརྗོད་ཡོད་འདུག རྟེན་འབྲེལ་ཞུ་པའི་བྱེད་སྒོ་དེ་དག་མཚན་མོ་བསྒྲུབས་ཡོད་ནའང་ཉེན་རྟོག་པས་ཤེས་རྟོགས་བྱུང་སྟེ། དེ་ནི་མང་ཚོགས་ཀྱི་རྣམ་འགྱུར་མི་ལེགས་པའི་སྐྱོན་ཆ་ཆེན་པོ་ཡིན་ཚུལ་གྱི་ཁ་རྡུང་དང་། གྲྭ་ཆོས་སྐྱོང་ལགས་ཀྱི་བཙོན་རོགས་ཚེ་བཀྲ་གློད་གྲོལ་གྱི་དུས་ཚོད་ཀྱང་ཕྱིར་འགྱངས་བཏང་ཡོད་འདུག དགེ་འདུན་པ་ཆོས་སྐྱོང་ལགས་ཀྱི་ཕ་ཡུལ་ནི། ཟི་ཁྲོན་རྔ་བ་ཁུལ་རྔ་སྟོད་སྒང་པ་སྡེ་བ་ཡིན་ཞིང༌། དེ་སྔ་རྔ་བ་སྒོ་མང་དགོན་པའི་ནང་དུ་སློབ་གཉེར་བྱེད་བཞིན་ཡོད་འདུག བོད་ཀྱི་དུས་བབ།  

Dec 11

ཞི་བདེའི་བསྟོད་སྨོན་རང་བྱུང་རྒྱ་མཚོའི་གདངས་སྙན།

HH_the_Dalai_Lama_awarded_Nobel_Peace_Prize

ཞི་བདེའི་བསྟོད་སྨོན་རང་བྱུང་རྒྱ་མཚོའི་གདངས་སྙན། འཇམ་དཔལ་ངག་ལ་དབང་འབྱོར་མཁྱེན་པའི་བློ།། བཟང་བོའི་འོད་དཀར་ཡེ་ཤེས་དྲ་བ་ཅན།། བསྟན་འཛིན་རྒྱུ་སར་བྱེ་བའི་འདུན་ས་ཆེར།། བསྟོད་སྨོན་རྒྱ་མཚོའི་རླབས་ཕྲེང་གདངས་སུ་འགུག། མ་རྨད་ཚོགས་གཉིས་འོ་མཚོ་འཕྱུར་བའི་རྩེར།། སྤངས་རྟོགས་བཅུ་དྲུག་ལང་ཚོའི་འཇོ་སྒེག་གིས།། ནག་ཕྱོགས་མུན་པའི་གཡུལ་ལས་རྒྱལ་བྱེད་པའི།། དགེ་མཚན་སྣང་བའི་རྩེ་དགའ་ཅི་ཡང་ངོམ།། འཛམ་གླིང་ཤེས་བྱའི་མཁའ་ལ་རབ་རྩེན་བའི།། ཞི་བདེའི་རྩིབ་སྟོང་འབར་བའི་མུ་ཁྱུད་ཀྱིས།། སྲིད་གསུམ་བརྟན་གཡོའི་དངོས་པོ་ཟླུམ་མཛད་པ།། ལྷར་བཅས་སྐྱེ་དགུའི་གཙུག་ན་རྟག་ཏུ་བརྗིད།། འཛམ་གླིང་ཞི་བདེའི་ཕོ་ཉའི་མཚན་གྱི་རྔ།། འཇིག་རྟེན་གླིང་བཞིའི་ཁྱོན་ལ་རབ་བསྒྲགས་ནས།། བགྲང་བྱ་ཐིག་ལེ་ཟུང་གི་སྨིན་ལེགས་མའི།། དཀྱུས་རིང་ཟུར་མིག་གཡོ་བའི་དུས་སྟོན་དར།། སྡོམ་གསུམ་ཚུལ་ཁྲིམས་གཙང་མའི་གསེར་ཡུའི་རྩེར།། འཆད་རྩོད་རྩོམ་པའི་གོས་བཟང་ལྷབ་ལྷུབ་གཡོ།། བྱམས་བརྩེ་འདོད་འབྱུང་ནོར་བུའི་ཏོག་མཛེས་པའི།། རྒྱལ་མཚན་སྲིད་པའི་རྩེ་མོར་བསྒྲེང་གྱུར་ཅིག། ཁྲག་འཐུང་དུག་གི་ལྗོན་པ་རྨང་ནས་འགྱེལ།། འཇིགས་སྐྲག་བཟོད་དཀའི་མེ་ལྕེ་ངང་གིས་ཞི།། མི་མཐུན་གདུག་པའི་དཔུང་ཚོགས་ལས་རྒྱལ་ཏེ།། ཆོས་ཀྱི་རྒྱལ་སྲིད་ཡུན་དུ་སྐྱོང་གྱུར་ཅིག། ཞི་བདེའི་པད་དཀར་འདབ་སྟོང་ཕྱོགས་བརྒྱར་བཞད།། ཡིད་འོང་བྱམས་བརྩེའི་དྲི་བསུང་ཀུན་ཏུ་ལྡིང་།། རང་བྱུང་འཚེ༌བྲལ་རོ་མཆོག་བཅུད་དུ་འཁྱིལ།། ཆོས་སྲིད་ཀུན་ད་གཞོན་ནུ་འཛུམ་གྱུར་ཅིག། ཞི་བདེའི་ཁྲིམས་བཟང་དར་དཀར་ཡུག་གཅིག་གིས།། འཛམ་གླིང་ཡངས་བའི་ཁྱོན་ལ་དབང་བསྒྱུར་ནས།། རང་དབང་རིན་ཆེན་མཛོད་ཀྱི་སྒོ་ཕྱེས་ཏེ།། འཇིག་རྟེན་ཞི་བདེའི་དཔལ་ལ་དབང་ཐོབ་ཤོག། ཅེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེའི་གསེར་རྟགས་དགྱེས་བཞེས་མཛད་ནས་བགྲང་བྱ་ཧྲིལ་བོ་ཉི་ཤུ་འཁོར་བའི་རྗེས་དྲན་ཙམ་དུ་བེ་རི་རིག་རྡོར་གྱིས། ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༩ ཉིན་གུས་པ་ཆེན་པོས་ཕུལ།

Dec 11

ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ཉི་ཤུ་འཁོར་བའི་དུས་དྲན།

HH_the_Dalai_Lama_awarded_Nobel_Peace_Prize

༄༅།།སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ཉི་ཤུ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བཀའ་ཤག་གི་གཏམ་བཤད།  ༄༅།།ཁམས་གསུམ་སྐྱེ་འགྲོ་སྤྱི་དང༌།ཁྱད་པར་གངས་ཅན་པ་རྣམས་ཀྱི་མགོན་སྐྱབས་དཔུང་གཉེན་ཉག་གཅིག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་དེ་རིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ཉི་ཤུ་འཁོར་བའི་དུས་ཆེན་དང༌།རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་བཅས་གལ་ཆེའི་དུས་ཆེན་གཉིས་འཛོམས་ཀྱི་ཉིན་མོར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཇིག་རྟེན་ཞི་བདེའི་དེད་དཔོན།བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད།སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་འགྲོ་བའིབཀའ་དྲིན་རྗེས་དྲན་དང་གུས་འཚམས་ཞུ་རྒྱུ་དང་ཆབས་ཅིགདགའ་སེམས་འཁོལ་བའི་ངང་གཞིས་བྱེས་བོད་རིགས་ཡོངས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།   དེ་རིང་གི་ཉིན་མོ་འདི་ནི།འགྲོ་བ་ལྷ་དང་བཅས་པའི་མ་འདྲིས་པའི་མཛའ་བཤེས་ཆེན་པོ།འཇིག་རྟེན་ཞི་བདེའི་དེད་དཔོན།གཞིས་བྱེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་མིའི་རྩ་དོན་བསྒྲུབ་བྱ་སྤྱི་དང༌།བོད་ཀྱི་མཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌།སྐད་ཡིག་ཡུལ་གོམས་གཤིས་ལུགས་སོགས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད།དེ་བཞིན་འཛམ་གླིང་ནང་ཞི་བདེ་ཡུན་གནས་འབྱུང་བ་དང༌།ཆོས་ལུགས་འདྲ་མིན་ཁག་དབར་མཛའ་མཐུན་འབྲེལ་ལམ་དམ་ཟབ་གོང་འཕེལ་གཏོང་རྒྱུ།འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་རྣམས་གོང་མཐོར་གཏོང་ཐབས།ཁོར་ཡུག་སྲུང་སྐྱོབ་སོགས་འཇིག་རྟེན་ཀུན་ཁྱབ་འགན་ཁུར་འཛམ་གླིང་ནང་ཁྱབ་སྤེལ་བཅས་ལ་ཐུགས་ཁུར་འབད་བརྩོན་རྒྱུན་བསྲིངས་གནང་དང་གནང་བཞིན་པའི་རླབས་ཆེན་མཛད་འཁུར་གྱི་འཕྲིན་ལས་བསམ་སྤྱོད་ལས་འདས་པར་བརྟེན།རིས་སུ་མ་ཆད་པའི་རྒྱལ་ཁབ་དང༌།མི་རིགས་ཚོགས་སྡེ་རྣམས་ཀྱིས་གཟེངས་བསྟོད་བྱ་དགའ་དང༌།ཕྱག་འཁྱེར་སོགས་བརྒྱ་ཕྲག་བརྒལ་བ་ཞིག་ཕུལ་བ་དགྱེས་བཞེས་མཛད་ཡོད་པ་མ་ཟད།འདི་ལོར་མཚོན་ནའང༌།ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་སྔ་རྗེས་སུ་ཕོ་ལན་ཌི་རྒྱལ་ས་ཝ་སོར་གྲོང་ཁྱེར་གྱི་ཆེ་བསྟོད་ཕྱག་འཁྱེར་དང༌།འཇར་མན་ཧེ་སན་མར་བྷར་གཙུག་ལག་སློབ་གྲྭ་ཆེན་མོའི་མཁས་དབང་གི་ཕྱག་འཁྱེར།ཨ་རིའི་གྲོང་ཁྱེར་མེམ་ཕེ་སིའི་རྒྱལ་ཡོངས་མི་མང་ཐོབ་ཐང་འགྲེམས་སྟོན་ཁང་གི་རྒྱལ་སྤྱིའི་རང་དབང་གཟེངས་རྟགས།ཁེ་ན་ཌའི་གྲོང་ཁྱེར་ན་ཁུ་རའི་ཕེ་ཛར་སྒྲིག་འཛུགས་ཀྱིས་བྱམས་བརྩེ་དང་བཟོད་བསྲན་གྱི་གཟེངས་རྟགས།ཁེ་ན་ཌའི་གྲོང་ཁྱེར་ཁལ་གྷ་རིའི་གཙུག་ལག་སློབ་གྲྭ་ཆེན་མོའི་མཁས་དབང་གྱི་ཕྱག་ཁྱེར།ཨ་རིའི་ཊོམ་ལེན་ཌོ་སི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་བཅས་འབུལ་བཞེས་མཛད་པ་དེ་དག་གིས།ཕྱི་ལོ་༡༩༨༩ལོར་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོར་མངའ་གསོལ་གྱིས་འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་སྟེ་མི་ལོ་ཉི་ཤུ་ཧྲིལ་པོ་འཁོར་བར་དོན་དམ་གྱི་དཔེ་དང་གཟི་བརྗིད་ཀྱི་རྒྱན་དུ་གྱུར་ཡོད།དེར་བརྟེན་སྐལ་ལྡན་གདུལ་བྱ་སྤྱི་དང་ལྷག་པར་བོད་ཁ་བ་ཅན་པར་བཀའ་དྲིན་གྱི་ཕུང་པོ་དཔག་ཏུ་མེད་པ་བསྐྲུན་ནས་མགོན་པོ་གང་གི་ཐུན་མོང་མ་ཡིན་པའི་གདུལ་ཞིང་གངས་ཅན་སྐྱེ་འགྲོ་རྣམས་སྨོས་ཅི་རང་དབང་ཞི་བདེར་དགའ་བའི་འཛམ་གླིང་མང་ཚོགས་རྣམས་ཀྱང་དགའ་སྒོམ་ཞུ་འོས་པའི་དུས་ཚིགས་དམིགས་བསལ་ཅན་འདིའི་ཐོགབཙན་བྱོལ་བོད་གཞུང་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོར་སྒོ་གསུམ་གུས་ཕྱག་དང་བཅས་ཐུགས་རྗེ་དང་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་བ་དང་ཆབས་ཅིགམཁའ་ཁྱབ་སྐྱེ་འགྲོ་སྤྱི་དང༌།ཁྱད་པར་ཁ་བའི་ལྗོངས་ཀྱི་ཆེས་ཉམ་ཐག་པའི་སྐྱེ་འགྲོ་རྣམས་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ་ྋཞབས་ཟུང་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་རྟག་བརྟན་གཞོམ་ཞིག་བྲལ་བར་འཚོ་ཞིང་བཞེས་ནས་བསྟན་སྲིད་ཀྱི་མཛད་འཕྲིན་སྔར་བཞིན་རྒྱ་ཆེ་རྒྱུན་མི་ཆད་དུ་སྐྱོང་གནང་ཡོང་བའི་གསོལ་འདེབས་ཤུགས་དྲག་ཞུ་རྒྱུ་ཡིན།   དེ་རིང་གི་ཉིན་མོ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་༦༣ཉེ་བར་འདས་ཟིན་ནའང༌།ད་དུང་འཇིག་རྟེན་འདིར་འགྲོ་བ་མིའི་ཐོབ་ཐང་ཇི་བཞིན་སྲུང་སྐྱོབ་མི་ཐུབ་པ་མ་ཟད།དམག་དང༌།དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཆུང་གི་དབར་འབུ་ཆེས་ཆུང་ཟོས་ལྟར་གནས་ཚུལ་ཇེ་ཞན་དུ་འགྲོ་བཞིན་པ་དང༌།ལྷག་པར་འགྲོ་བ་མིའི་ཐོབ་ཐང་གི་བརྡལ་བཤིག་ཆེ་ཤོས་ཤིག་ནི་སྲིད་དོན་དང་དཔལ་འབྱོར་གྱི་གོ་ལ་གཅིག་སྒྱུར་གྱི་ལམ་ལུགས་འོག་མི་རིགས་དང་སྤྱི་ཚོགས་སོ་སོའི་རང་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང༌།རིག་གཞུང༌།ལེགས་བྱང༌།ཡུལ་གོམས་གཤིས་ལུགས།སྐད་ཡིག་དང་བཅས་པ་རིམ་བཞིན་རང་ཡལ་དུ་འགྲོ་བའི་གནས་ཚུལ་འདི་ནི་མིའི་ཐོབ་ཐང་གི་བརྡལ་བཤིག་ཆེ་ཤོས་ཤིག་ཡིན་རུང༌།དེ་དག་ལ་གདོང་ལེན་ལྟ་ཞོགངོས་འཛིན་ཙམ་ཡང་བྱེད་དཀའ་བའི་གནས་ཚུལ་འདི་ནི་བློ་འཚབ་སྐྱེ་གཞི་ཞིག་ཡིན།   འདི་ལོའི་ཕྱི་ཟླ་༡༠ཚེས་༡ཉིན་རྒྱ་ནག་གཞུང་གིས་རྒྱལ་འཛུགས་དུས་དྲན་ལོ་༦༠འཁོར་བའི་དམག་གཟིགས་རྔམ་སྟོན་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཏེ་དྲག་ཤུགས་ངོམ་པའི་དམིགས་ཡུལ་ལྟེ་བ་ནི།རྒྱལ་ཁབ་ཕྱི་ལ་ཡོད་པའི་རྒྱ་ནག་གི་དགྲ་བོ་ལས་ལྷག་པ་རྒྱལ་ནང་དུ་ཡོད་པའི་བོད་དང༌།ཡུ་གུར་རིགས།དེ་མིན་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་རྒྱ་མི་རིགས་ཁག་གཅིག་ལ་དམིགས་པ་རེད།ཅེས་བརྒྱུད་ལམ་ཁག་གཅིག་གིས་དཔྱད་གཏམ་སྤེལ་བའི་ནང་བརྗོད་ཡོད་པ་ལྟར།འདི་ལོའི་ཕྱི་ཟླ་བདུན་པའི་ནང་ཤར་ཏུར་ཀི་སི་ཐན་དུ་ཤིན་ཅང་དྲག་པོའི་ངོ་རྒོལ་བྱུང་བ་དེ་དག་ལ་རྒྱ་ནག་གཞུང་གིས་གདུག་རྩུབ་ཆེན་པོས་དྲག་གནོན་བྱས་པ་དང༌།འདས་ལོའི་ནང་བོད་ས་ཡོངས་སུ་ཞི་བའི་ངོ་རྒོལ་བྱུང་རྗེས་རྒྱ་ནག་གཞུང་གིས་དྲག་གནོན་འོག་མི་ཇི་ཙམ་ཤི་སྐྱོན་བྱུང་བའི་ཞིབ་ཕྲའི་གནས་ཚུལ་དེ་རེད།འོན་ཀྱང་འདི་ལོ་ཕྱི་ཟླ་༡༠ཚེས་༢༧ནང་ཚུན་དུ་ང་ཚོར་ཐོབ་པའི་གནས་ཚུལ་ནས་ཤེས་རྟོགས་བྱུང་བར་གཞིགས་ན།ཕྱི་ལོ་༢༠༠༨ལོའི་ཟླ་བ་༣ནས་ད་བར་བོད་མི་༢༢༨མནར་གཅོད་ཀྱིས་འདས་གྲོངས་སུ་ཕྱིན་འདུགདེའི་ནང་ནས་མི་༡༡༨ཀྱི་མིང་དང་བཅས་པའི་ཞིབ་ཕྲའི་གནས་ཚུལ་གསལ་རྟོགས་བྱུང་ཡོད།བོད་མི་༣༧༡བཙོན་འཇུག་ཁྲིམས་བཅད་བཏང་ཡོད་པ་དང༌།བོད་མི་༤༦༥༧འཛིན་བཟུང་ངམ་བཀག་ཉར་བྱས་ཡོད།བོད་མི་༩༩༠གར་སོང་ཆ་མེད་དུ་གྱུར་བ་མ་ཟད།བོད་མི་༡༢༩༤ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།ཁོང་ཚོ་མ་ཡིན་པའི་བོད་མི་ཇི་ཙམ་ཚེ་ལས་འདས་པ་དང༌།བཙོན་ཁང་དུ་བཅུག་པ།སྡུག་སྦྱོང་མནར་གཅོད་འོག་ད་དུང་གནས་ཡོད་པ་སུས་ཤེས་ཐུབ།ལྷག་པར་ྋཀུན་གཟིགས་པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་ཆུང་བྱིས་པའི་དུས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བྱས་པའི་བྱིས་པའི་ཐོབ་ཐང་ཙམ་ཡང་བརྩི་སྲུང་མེད་པར་བཙན་འཕྲོག་བྱས་ཏེ།ད་ཆ་དགུང་ལོ་ཉེ་ཤུར་ཉེ་བར་སླེབས་ཀྱང་སྤྱི་མང་གི་ཐོབ་ཐང་མ་འཐོབ་པར་དུས་ད་ལྟ་ཡང་འཚོ་བཞུགས་དང་གར་ཡོད་ཆ་མེད་ལ་གནས་ཡོད་པ་དེར་བློ་འཚབ་ཆེན་པོ་ཡོད་པ་མ་ཟད།ཆུང་སྲིད་རིན་པོ་ཆེས་དབུས་པའི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་འགྲོལ་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད།   ཉེ་བའི་ཆར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་ཁུངས་ལྡན་གྱི་གནས་ཚུལ་སྤེལ་བར་གཞིགས་ན།ལྷ་སར་སྔ་ལོའི་ཞི་རྒོལ་དང་འབྲེལ་བའི་བོད་མི་བློ་བཟང་རྒྱལ་མཚན་དང༌།ལོ་ཡགགཉིས་འཕྲལ་མར་སྲོག་ཐོག་དང༌།རྐང་བཙུགས་དང༌།བསྟན་འཛིན་ཕུན་ཚོགས།སྤེན་སྐྱིད་བེུདབཅས་བོད་མི་གསུམ་ལོ་གཉིས་དུས་འགྱངས་ཀྱི་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་བཅད་པ་ལྟར་སྲོག་ཐོག་བཏང་འདུག་ཅིང༌།ད་དུང་བོད་ཀྱི་ས་ཁུལ་གཞན་དུའང་གོང་མཚུངས་ཀྱི་བོད་མི་འཛིན་བཟུང་དང་ཁྲིམས་ཐག་བཅད་པའི་གནས་ཚུལ་གོ་ཐོས་ཡོང་བཞིན་འདུག   གོང་གསལ་བོད་ནང་ཡ་ང་བའི་གནས་སྟངས་དང་དཀའ་ངལ་སེལ་རྒྱུར་རྒྱ་ནག་གཞུང་གི་མཁྲེགས་བཟུང་གི་ལངས་ཕྱོགས་འགྱུར་བ་གཏོང་རྒྱུར་རེ་བ་མེད་པ་ཞིག་མཐོང་གི་ཡོད་ཀྱང༌།ཕྱོགས་གཞན་ཞིག་ནས་བལྟས་ན།སྔ་ལོ་བོད་ནང་ཞི་རྒོལ་ཆེན་པོ་བྱུང་བ་ནས་བཟུང་རྒྱ་ནག་ནང་བློ་གཟུ་བོར་གནས་པའི་ཤེས་ཡོན་ཅན་དང་ཁྲིམས་རྩོད་པ།སྤྱིར་བཏང་མང་ཚོགས་ཀྱིས་རྒྱ་ནག་གཞུང་གིས་རྫུན་པའི་དྲིལ་བསྒྲགས་ལ་དབུ་འཁོར་ནས་མི་བཞུགས་པའི་དན་རྟགས་གསལ་སྟོན་གྱི་སྙན་ཐོ་ཡོངས་གྲགས་སུ་བཏོན་པ་དང༌།རྒྱ་གཞུང་གི་ཐབས་བརྒྱ་བྱུས་སྟོང་གིས་བརྒྱུད་ལམ་ཁག་བཀག་བསྡོམས་བྱེད་མིན་ལ་མ་ལྟོས་པར་དྲ་རྒྱའི་ནང་བོད་དོན་ལ་རྒྱབ་སྐྱོར་གྱི་རྩོམ་ཡིག་སྤེལ་མཁན་ཇེ་མང་དུ་འགྲོ་བཞིན་པ་དང༌།རྒྱལ་སྤྱིའི་ཁྱོན་ལའང་བོད་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་ལྷག་ཆེ་རུ་ཕྱིན་ཡོད།འདི་ལོའི་ཕྱི་ཟླ་༨ཚེས་༦ནས་༨བར་སུད་སི་གྲོང་ཁྱེར་འཇི་ནི་ཝར་ཚོགས་པའི་བོད་རྒྱ་བགྲོ་གླེང་ཚོགས་འདུའི་ཐོག་ཐུན་མོང་གི་ལྟ་ཚུལ་ཞེས་པའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང༌།བྱབྱད་ལྟའི་བོད་ཀྱི་གནད་དོན་གྱི་འབྱུང་རྩ་ནི་བོད་རྒྱ་མི་རིགས་གཉིས་དབར་གྱི་གདོང་ཐུག་ལས་བྱུང་བ་ཞིག་མིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་ལག་བསྟར་བྱས་པའི་སྲིད་དབང་སྒེར་སྡོམ་གྱི་དབང་བསྒྱུར་དང༌།རིག་གཞུང་ཐོག་མི་རིགས་རྩ་གཏོར་གྱི་བྱེད་བབ་ལས་བྱུང་བ་ཞིག་ཡིན།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས།བོད་ནི་གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཞེས་སྒྲོག་བཞིན་པ་དེ་ནི་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་གྱི་མེད།ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་བཏོན་པའི་དབུ་མའི་ལམ་ལ་ཚོགས་བཅར་བ་ཡོང་ནས་གོང་བཀུར་བླ་མེད་ཞུ་རྒྱུ་ཡིན་བྱབྱཞེས་སོགས་འཁོད་ཡོད་པ་དང༌།ལོ་འདིའི་ཕྱི་ཟླ་༡༡ཚེས་༡༨དང་༡༩ཉིན་གཉིས་རིང་ཨི་ཌ་ལི་རྒྱལ་ས་རོམ་དུ་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པའི་ཐོག་བྱབྱཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གཉིས་ཀྱི་དབར་དོན་སྙིང་ལྡན་པའི་འབྲེལ་མོལ་འགོ་ཚུགས་ཐུབ་ཐབས་སུ་རྒྱལ་སྤྱིའི་གནོན་ཤུགས་སྤྲོད་དགོས་པ་དང༌།དེ་ཡང་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་ཀྱི་ངོས་ནས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཕུལ་ཟིན་པ་དེ་བཞིན་དུ་ལས་དོན་མཇུག་སྐྱོང་གནང་དགོས་པ་ཡིན་བྱབྱཞེས་བསྒྲགས་གཏམ་ཞིག་སྤེལ་ཡོད།ཡང་འདི་ལོའི་ཕྱི་ཟླ་༡༠ཚེས་༢༧ཉིན་ནོ་སྦེལ་ཞི་བདེའི་གཟིངས་རྟགས་བཞེས་མྱོང་མཁན་མི་སྣ་བརྒྱད་ཀྱིས་ྋགོང་ས་མཆོག་དང་བོད་མི་མང་ལ་རྒྱབ་སྐྱོར་ཞུ་བའི་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང༌།བྱབྱང་ཚོས་རྒྱ་ནག་གཞུང་ཕྱོགས་ནས་བོད་དོན་དཀའ་རྙོག་དེ་མྱུར་དུ་སེལ་རྒྱུའི་མཐུན་ཕྱོགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་དགོས་པ་དང་བོད་ནང་གདུག་རྩུབ་ཀྱི་སྲིད་བྱུས་དེས་བོད་མི་ཚོར་རང་གི་ལུང་པའི་ནང་དབུལ་ཕོངས་དང་གྲངས་ཉུང་མི་རིགས་ཤིག་ཏུ་འགྱུར་བཞིན་པ་དེ་གང་མགྱོགས་མཚམས་འཇོག་དགོས་པའི་ནན་སྐུལ་ཞུ་བཞིན་ཡོད།རྒྱ་ནག་གི་རྩ་ཁྲིམས་ནང་བོད་མི་ཚོར་མི་རིགས་ས་ཁོངས་རང་སྐྱོང་གི་གནས་བབ་གསལ་ཡོད་པ་བཞིན་ལག་བསྟར་ཐུབ་ན་རྒྱ་གཞུང་གིས་རྒྱ་ནག་རྒྱལ་ཁབ་གོང་བུ་གཅིག་བསྒྲིལ་དང་ཞི་བདེ་བརྟན་ལྷིང་ཡོང་རྒྱུར་གོམ་པ་ཆེན་པོ་ཞིག་སྤོ་ཐུབ་པ་ཆགས་ཀྱི་རེད་བྱབྱཅེས་འཁོད་ཡོད།   ཨ་རིའི་སྲིད་གཞུང་ནས་འདི་ལོའི་ཕྱི་ཟླ་༡༠ཚེས་༡ཉིན་རྒྱ་ནག་གཞུང་གིས་རྒྱས་སྤྲོད་ཆེན་པོས་རྒྱལ་ཁབ་བཙུགས་ཏེ་ལོ་༦༠འཁོར་བའི་དམག་གཟིགས་རྔམ་སྟོན་གཞི་རྒྱ་ཆེན་པོ་ཞིག་སྤེལ་བའི་ཉིན་མོ་དེར།བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཏུ་ལྕམ་སྐུ་མ་རི་ཡ་ཨོ་ཊེརི་བསྐོ་གཞག་གནང་སྟཻ།ཁོང་ལ་ཨ་རིའི་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་དང།བོད་དོན་ལས་རིམ་དང་ལས་འཆར་ཁག་ལ་འབྲེལ་མཐུད་གནང་རྒྱུ།ཁོང་ནས་ྋགོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་བར་འབྲེལ་མོལ་གྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུའི་ཕྱག་ལས་གནང་རྒྱུ།བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་ཡོང་རྒྱུར་རྒྱབ་སྐྱོར་སྣེ་ཁྲིད་གནང་རྒྱུའི་ལས་འགན་གནང་ཡོད་པ་མ་ཟད།ཨ་རིའི་སྲིད་འཛིན་སྐུ་ཞབས་ཨོ་བྷ་མ་མཆོག་གིས་ལོ་འདིའི་ཕྱི་ཟླ་༡༡ཚེས་༡༧ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་དང་ལྷན་དུ་གསར་འགོད་ལྷན་ཚོགས་གནང་སྐབས།རྒྱ་ནག་གཞུང་གིས་བཙན་བྱོལ་ནང་གི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་ལྷན་དུ་གྲོས་མོལ་འགོ་འཛུགས་བྱེད་འོས་པ་རེད་ཅེས་གསུངས་ཡོད་པ་བཅས་ཀྱི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང༌།ཨ་རིའི་སྲིད་གཞུང་ནས་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་ཇི་ཙམ་བྱེད་ཀྱི་ཡོད་པ་གསལ་པོར་མཚོན་ཡོད།   མི་རིགས་ཆིག་བསྒྲིལ་ནི་རྒྱལ་ཁབ་བརྟན་ལྷིང་གི་གཞི་རྩ་ཡིན་པ་དང༌།རྒྱ་ནག་བརྟན་ལྷིང་ནི་འཇིག་རྟེན་ཞི་བདེའི་གཞི་རྩ་ཡིན་པས་གནད་དོན་འདི་སུས་ཀྱང་སྣང་ཆུང་བྱེད་ཐབས་མེད།ྋགོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་བོད་མི་ས་ཡ་དྲུག་གི་རང་དབང་ཅན་གྱི་མགྲིན་ཚབ་པ་ཡིན་པ་དང༌།དེའི་ངོས་ནས་འབྱུང་འགྱུར་བོད་མིའི་དཀའ་རྙོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ལྟའི་རྩ་ཁྲིམས་ཀྱི་དགོངས་དོན་འོག་སེལ་ཐབས་བྱེད་རྒྱུའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྟན་བཟུང་བྱེད་ཀྱི་ཡོད་པ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་རྣམས་ལ་ཡང་ཡང་གསལ་བརྗོད་ཟིན་པ་མ་ཟད།ལྷག་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་རྣམ་པས་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་མཛད་གཙོ་རྣམ་པ་དང་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་ཕུལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་ཐོག་མུ་མཐུད་འབྲེལ་མོལ་ཞུ་རྒྱུའི་བསམ་ཚུལ་ལ་འགྱུར་བ་གང་ཡང་མེད།ང་ཚོའི་ངོས་ནས་བོད་རྒྱ་མི་རིགས་ཁ་བྲལ་མི་འགྲོ་བའི་ཐབས་ཚུལ་ལ་འབད་རྩོལ་རྒྱུན་འཁྱོང་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད།   དུས་རབས་༢༡དེ་གྲོས་མོལ་དང་མཐུན་འབྲེལ་གྱི་དུས་རབས་ཤིག་ཡོང་བ་བྱ་རྒྱུར་རྒྱལ་ཁབ་དང་མི་རིགས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཐོག་གནས་དགོས།རྩོད་རྙོག་ཡོད་པའི་རྒྱལ་ཁབ་དང་མི་རིགས་ཕན་ཚུན་ཁ་གཏད་དོ་ཟླར་མི་ལངས་པར་རྣམ་དཔྱོད་དང༌།ཞི་མོལ་གྱི་ལམ་ནས་སེལ་ཐབས་བྱ་དགོས་པ་ནི།དུས་ཀྱི་དགོས་མཁོ་ལྟར་མི་མང་གི་འདོད་བློ་དང་མཐུན་པ་མ་ཟད།འདྲ་མཉམ་དང༌།རང་དབང༌།མང་གཙོ།འགྲོ་བ་མིའི་ཐོབ་ཐང་བཅས་འཇིག་རྟེན་ཀུན་ཁྱབ་ཀྱི་རིན་ཐང་ཞིག་ཀྱང་ཡིན།རྒྱ་ནག་གཞུང་གི་ད་ལྟའི་འགོ་ཁྲིད་པ་ཚོས་ངེས་པར་དུ་བོད་རྒྱ་མི་རིགས་གཉིས་ཀྱི་ཕུགས་རིང་གི་ཁེ་ཕན་དང༌།རྒྱ་ནག་གི་བརྟན་ལྷིང་སྲུང་སྐྱོབ་བྱ་ཆེད་ངེས་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབོད་སྐུལ་ལ་དང་ལེན་ཞུ་དགོས་པར་མཐོང༌།   རྒྱ་གར་གྱི་སྲིད་བློན་མན་མོའ་ཧན་སིང་མཆོག་ཟླ་བ་སྔོན་མའི་ནང་ཨ་རིར་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཏེ་རྒྱ་གར་གྱི་ཕྱི་སྲིད་ཐད་གསུང་བཤད་ཅིག་གནང་སྐབས།བྱབྱངའི་བསམ་པར་རྒྱ་གར་གྱི་ལོ་རེའི་རྒྱལ་ནང་གི་སྤྱིའི་ཐོན་འབབ་དེ་རྒྱ་ནག་ལས་ཅུང་ལེགས་པ་མེད་ཀྱང༌།རྒྱ་གར་ལ་རིན་ཐང་གཅིག་ཡོད་པ་ནི།གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང༌།རང་དབང་དང་ཁྲིམས་ལ་སྲུང་བརྩི།རིག་གཞུང་དང་ཆོས་ལུགས་འདྲ་མིན་ལ་གུས་ཞབས།མི་རིགས་འདྲ་མིན་ལ་ཐོབ་ཐང་འདྲ་མཉམ་ཡོད་པ་དེ་ཡིན་པས།ངས་རྒྱ་ནག་གི་བྱེད་སྟངས་དེ་རྩ་བ་ནས་གདམ་མི་སྲིད་བྱབྱཅེས་གསུངས་གནང་བ་དེ་དོན་ལའང་གནས་ཡོད་པ་བཞིན།འདས་པའི་ལོ་ངོ་ལྔ་བཅུའི་རིང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བཙན་བྱོལ་བོད་མི་འབུམ་ཕྲག་བརྒལ་བ་ཞིག་རང་དབང་གི་ཐོག་ནས་བོད་ཀྱི་རིག་གཞུང་རྒྱུན་འཛིན་དང༌།བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་མུ་མཐུད་གནས་ཐུབ་པའི་མཐུན་འགྱུར་གནང་མཁན་རྒྱ་གར་དབུས་སའི་གཞུང་མང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌།རྒྱལ་སྤྱིའི་རྒྱབ་སྐྱོར་བ་ཡོངས་ལའང་བཀྲིན་རྗེས་དྲན་ཞུ་རྒྱུ་ཡིན།   མཐའ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང༌།ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌།བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་དང་བཅས། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་༢༠༠༩ཕྱི་ཟླ་༡༢ཚེས་༡༠ལ།།    

Dec 09

ཆག་ཀྲུམ་དམར་པོའི་བརྙན་སྡེར།

མགོ་ལོག་ཚྭ་ཁོལ་དགོན་པ།

བོད་མདོ་སྨད་མགོ་ལོག་རྨ་སྟོད་རྫོང་གི་བོད་མི་བཅུ་གཅིག་གིས་བོད་དོན་སྐོར་གྱི་གླུ་གཞས་རྡུང་ལེན་གྱི་བརྙན་སྡེར་པར་སྐྲུན་འགྲེམ་སྤེལ་བྱས་པའི་ནག་ཉེས་ཐོག་འཛིན་བཟུང་གིས་དགེ་འདུན་པ་ལྔ་ད་དུང་ཡང་འཛིན་བཟུང་བཀག་ཉར་བྱས་ཡོད། ཚེས་༧ཉིན་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན།སྤྱི་ཟླ་༡༢པའི་ཚེས་༤ཉིན་མགོ་ལོག་རྨ་སྟོད་རྫོང་སྤྱི་བདེ་མི་སྣས་རྫོང་དེའི་སྲིད་ཁྲིམས་ལས་ཁུངས་ཀྱི་བཀའ་མངག་ལྟར་མདོ་སྨད་མགོ་ལོག་རྨ་སྟོད་རྫོང་གི་ཚྭ་ཁོལ་དགོན་པའི་ ༡ལས་ཐོག་མཁན་པོ་སྔགས་སྲུང་།༼ཁོང་ནི་རྩོམ་པ་པོ་ཞིག་ཀྱང་ཡིན་པས་ད་བར་སྙན་རྩོམ་སོགས་ཀྱི་དེབ་ཁ་ཤས་ཀྱང་པར་སྐྲུན་བྱས་ཡོད།༽ ༢ནོར་བྷེ། ༣མཁན་ཟུར་སྔགས་པ་དགེ་བྷོ། ༤མགོན་བཟང་། ༥སྔགས་པ་ཤེས་རབ་ཉི་མ། ༦དགེ་བསྐོས་བཀྲ་ཤིས་ཉི་མ་།ཡང་ཚྭ་ཁོལ་སྡེ་བའི་ཡུམ་མི། ༧དགའ་རབ་རྡོ་རྗེའམ་དགར་ཁོ། ༨མཁར་སྐོར་དགོན་པའི་ལས་ཐོག་མཁན་པོ་དམར་སྐྱི་དང་། ༩སྤྲུལ་སྐུ་ཚེ་དཔག ༡༠མིང་ལ་མཁན་པོ་ཟེར་པའི་དགེ་འདུན་པ་ཞིག གཞན་མིང་ཤེས་རྟོགས་མ་བྱུང་བ་གཅིག་བཅས་མི་གྲངས་བཅི་གཅིག་འཛིན་བཟུང་བྱས་ཏེ་རྨ་སྟོད་རྫོང་ལྟ་སྲུང་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་།ཁོང་ཚོས་ཆག་ཀྲུམ་དམར་པོ་ཞེས་པའི་བརྙན་སྡེར་གླུ་གཞས་རྡུང་ལེན་ཞིག་པར་སྐྲུན་འགྲེམ་སྤེལ་བྱས་པའི་ནག་ཉེས་བཙུགས་ཏེ་འཛིན་བཟུང་བྱས་ཡོད་པ་དང་།བརྙན་སྡེར་དེའི་ནང་གཙོ་བོ་ལོ་རབས་ལྔ་བཅུ་ནས་ད་བར་རྒྱ་ནག་གཞུང་གིས་བོད་མིའི་རང་དབང་བཙན་འཕྲོག་བྱས་པ་དང་།བོད་གཞིས་བྱེས་གཉིས་སུ་གྱུར་བའི་སྡུག་བསྔལ་གྱིས་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་དང་ཞལ་མཇལ་ཞུ་ཐབས་མེད་པ་།བོད་ཀྱི་གཏེར་ཁ་རྒྱ་ནག་ཏུ་ནང་འདྲེན་བྱེད་པ།བོད་ནང་ཐོབ་ཐང་མེད་པ།ལྷག་པར་དུ་༢༠༠༨ལོར་བོད་མི་དམར་གསོད་བཏང་བའི་པར་རིས་སོགས་དྲ་གནས་ཐོག་བཀོད་པ་ཕྱོགས་གཅིག་ཏུ་བསྡུས་ནས་རྒྱབ་ལྗོངས་བྱས་ཏེ་།གླུ་གཞས་རྡུང་ལེན་བྱས་ནས་བརྙན་དཔར་འོད་སྡེར་ལྔ་སྟོང་ཙམ་ཁ་ཆེའི་ཚོང་པ་དང་མཉམ་འབྲེལ་གྱིས་ལྐོག་ཏུ་པར་སྐྲུན་འགྲེལ་སྤེལ་བྱས་ཏེ་།ད་ལོའི་སྤྱི་ཟླ་དགུ་བའི་ཚེས་གཅིག་ནས་བཟུང་མགོ་ལོག་དང་ཁམས་གྱི་ས་ཁུལ་ཁག་ཅིག་ཏུ་བཀྲམ་ཡོད་ཀྱང་།ད་ལྟའི་བར་གཞུང་གིས་ཤེས་རྟོགས་བྱུང་མེད་ཟེར་།གོང་བརྗོད་མི་སྣ་དེ་ཁྲོད་གཞས་ཚིག་རྩོམ་མཁན་དང་རྡུང་ལེན་བྱེད་མཁན་སྤྲུལ་སྐུ་ཚེ་དཔག་དང་སྔགས་སྲུང་།ནོར་བྷེ་།ཤེས་རབ་ཉི་མ་།གཞན་མིང་མི་ཤེས་པ་བཅས་མི་ལྔ་བོ་ད་ལྟ་དུང་རྨ་སྟོད་རྫོང་བཙོན་ཁང་དུ་བཅུག་ཡོད་ལ་།གཞན་པ་མི་དྲུག་པོ་དེ་དག་ནི་མི་མང་ནང་འོད་སྡེར་ཚོང་འགྲེམ་བྱེད་མཁན་ཡིན་པས་ཞག་གཅིག་ལ་འཛིན་བཟུང་བཀག་ཉར་རྗེས་སུ་མི་རེར་རྒྱ་སྒོར་ཁྲི་གཅིག་རེའི་ཆད་པ་བཅད་པ་དང་།རྒྱ་སྒོར་ཁྲི་གཅིག་རེ་གཏའ་མ་འཇོག་ཏུ་བཅུག་ནས་ད་ལྟ་གློད་གྲོལ་བཏང་ཡོད་ཀྱང་།གལ་ཏེ་ཟླ་བ་འདིའི་ཚེས་༡༠བར་བརྙན་སྡེར་ཚང་མ་ཕྱིར་བསྡུ་བྱེད་མ་ཐུབ་ན་ཁོང་ཚོ་ཡང་བསྐྱར་འཛིན་བཟུང་བྱེད་རྒྱུའི་ཉེན་བརྡ་བརྒྱབ་ཡོད་ལ་།གལ་ཏེ་རྒྱབ་ལོག་ན་བཀོད་འདོམས་བྱེད་མཁན་སུ་ཡིན་སོགས་གནས་ཚུལ་ཚང་མ་སྦ་གསང་མེད་པར་བརྗོད་པ་ཡིན་ན་རྨ་སྟོད་རྫོང་གི་ས་གནས་སུ་ཐག་གཅོད་བྱེད་རྒྱུ་དང་།དེ་མིན་ན་གོང་རིམ་ལ་རྩིས་སྤྲོད་བྱེད་རྒྱུ་ཡིན་ཚུལ་རྨ་སྟོད་རྫོང་གི་ཉེན་རྟོག་མི་སྣས་ཉེན་བརྡ་གཏོང་གི་ཡོད་འདུག གཞན་ཡང་མགོ་ལོག་ཚྭ་ཁོལ་དགོན་པར་དགེ་འདུན་པ་བཞི་བཅུ་ལྷག་དང་མཁར་སྐོར་དགོན་པར་དགེ་འདུན་པ་བརྒྱད་ཅུ་ལྷག་ཡོད་པ་དང་།མགོ་ལོག་རྨ་སྟོད་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་རྒྱང་ཐག་སྤྱི་ལེ་བཞི་བརྒྱ་ཙམ་གྱི་ས་ན་ཡོད་། ༼ཡོང་ཁུངས།ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།༽

Dec 09

བཙུན་མ་གཡང་སྐྱིད་སྒྲོལ་མ་དམར་གསོད་བྱས་པ།

yankyi

དཀར་མཛེས་ཧྲེ་ཧོར་ལམ་གྲགས་བཙུན་དགོན་གྱི་ཨ་ནེ་དབྱངས་སྐྱིད་སྒྲོལ་མར་རྒྱ་གཞུང་གིས་གཅར་རྡུང་བྱས་ཏེ་དམར་གསོད་བཏང་ཡོད་པ་རེད།  ད་ལོའི་སྤྱི་ཟླ་གསུམ་པར་བོད་ཀྱི་ཁམས་དཀར་མཛེས་ཁྲོམ་སྲང་དུ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱེད་སྐབས་འཛིན་བཟུང་བཙོན་འཇུག་བྱས་པའི་བཙུན་མ་གཡང་སྐྱིད་སྒྲོལ་མ་ཁ་སང་དཀར་མཛེས་རྫོང་གི་སྨན་ཁང་དུ་འདས་གྲོངས་ཕྱིན་པ་ཕ་ཡུལ་དྲ་བའི་ཐོག་གནས་ཚུལ་བཀོད་འདུག ཁམས་དཀར་མཛེས་ཁུལ་གྱི་ལམ་གྲགས་བཙུན་དགོན་གྱི་དགུང་ལོ༣༣་ཡིན་པའི་བཙུན་མ་གཡང་སྐྱིད་སྒྲོལ་མ་དང་བཙུན་མ་བསོད་ནམས་དབྱངས་ཅན་གཉིས་ཀྱིས་ད་ལོའི་སྤྱི་ཟླ་༣་ཚེས་༢༤ཉིན་དཀར་མཛེས་ཁྲོམ་སྲང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕྱིར་ཕེབས་སུ་འཇུག་དགོས།བོད་མི་རྣམས་ལ་ཆོས་དད་རང་དབང་དགོས།རྒྱ་མི་བོད་ནས་ཕྱིར་ལོག་བྱེད་དགོས་སོགས་ཀྱི་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པ་མ་ཟད་།བོད་རང་བཙན་ཡིན་ཞེས་བ་སོགས་ཀྱི་ཡིག་ཆ་གཏོར་བའི་སྐབས་སུ་རྒྱ་ནག་གི་དམག་མི་༥༠་ལྷག་གིས་བཙུན་མ་དེ་གཉིས་འཛིན་བཟུང་བྱས་ཏེ་ཉེས་རྡུང་དྲག་པོ་བཏང་རྗེས་།སྲང་ལམ་ཉེ་འགྲམ་དུ་བསྡད་ཡོད་པའི་དམག་མིའི་རླངས་འཁོར་ནང་གཡུག་ནས་ཁྲིད་ཡོད་ལ་།ཉིན་དེའི་མཚན་མོར་ཉེན་རྟོག་དམག་མིས་བཙུན་མ་གཡང་སྐྱིད་སྒྲོལ་མའི་ཁྱིམ་དུ་བསྔོག་བཤེར་བྱེད་སྐབས་༧གོང་ས་མཆོག་གི་སྐུ་པར་ཞིག་ཐོན་པར་བརྟེན།ཁོང་གི་ཕ་མ་གཉིས་གཙོས་པའི་ནང་མི་སྤུན་མཆེད་རྣམས་ལ་ཁ་རྡུང་དྲག་པོ་བཏང་བ་མ་ཟད་ ཉིན་རྗེས་མ་དེར་ཁོང་གི་ཕུ་བོ་ཚངས་དབྱངས་རྒྱ་མཚོ་ས་གནས་སྤྱི་བདེ་ལས་ཁུངས་སུ་བཀག་ནས་དུས་ཚོད་མང་པོའི་རིང་འདྲི་རྩད་ནན་མོ་བྱས་ཡོད་འདུག ཚེས་༢༤ཉིན་བཙུན་མ་གཡང་སྐྱིད་སྒྲོལ་མ་དཀར་མཛེས་འབྲིང་རིམ་ཁྲིམས་ཁང་ལ་རྩིས་སྤྲོད་བྱས་ཀྱང་ཁྲིམས་ཁང་དེས་ཁོ་མོར་ཉེས་ཆད་ཇི་ལྟར་བཅད་མིན་སོགས་ད་བར་སུ་ཀྱང་ཤེས་རྟོགས་མེད་།དེ་མིན་བོད་ཀྱི་བུད་མེད་ལྷན་ཚོཌ་དང་བོད་རང་བཙན་སློབ་མའི་ཚོགས་པ་སོགས་ཀྱིས་ད་རིང་ཚེ་འདས་བཙུན་མ་གཡང་སྐྱིད་སྒྲོལ་མར་མྱ་ངན་གུས་འདུད་ཆེད་བཞུགས་སྒར་ངྷ་རམ་ས་ལའི་མེ་ལག་རྒན་ཇི་ནས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་དུ་མར་མེའི་ཁྲོམ་སྐོར་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་། ༼ཡོང་ཁུངས་།ཨེ་ཤེ་རང་དབང་རླུང་འཕྲིན་ཁང་།༽