གུར་ཀུམ་དྲ་བ།

གྲྭ་རྐྱང་གི་མི་ཚེ།

Archive for July, 2010


༤༩༽ གསར་འགོད་གསལ་བསྒྲགས།

གསར་འགོད་གསལ་བསྒྲགས།

 

ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༣

 

༄༅། །དེ་རིང་ཚེས་ ༣ ཉིན་རྒྱ་ནག་ཤིན་ཧྭ་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་དང་ཨའོ་མན་མེ་ཁའོ་ ཐའེ་ཝན་བཅས་ཀྱི་གསར་འགོད་པ་ ༣༡ འདི་ཟླའི་ཚེས་ ༢ ཉིན་ལྷ་སར་སླེབས་ཡོད་པ་དང༌། ཁོང་ཚོས་ཉིན་གསུམ་རིང་བཀག་རྒྱ་མེད་པའི་སྒོ་ནས་ལྷ་ས་དང་ལྷོ་ཁ་ཁུལ་གྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ་གསར་འགྱུར་སྤེལ་རྒྱུ་ཡིན་ལུགས་བརྗོད་འདུག འོན་ཀྱང་ད་ཐེངས་ཀྱི་གསར་འགོད་པའི་ནང་གོང་གསལ་ཡུལ་གྲུ་གསུམ་ལས་གཞན་པའི་རང་དབང་རྒྱལ་ཁབ་ཀྱི་གསར་འགོད་པ་གཅིག་ཀྱང་མེད་པ་དང༌། ཁོང་ཚོས་གནས་ཚུལ་སྤེལ་རྒྱུར་བཀག་རྒྱ་མེད་ལུགས་བཤད་ཀྱང༌། ཤིན་ཧྭ་དྲྭ་བ་རང་གི་ཐོག་ཁོང་ཚོ་བསྐྱོད་ཡུལ་དང་བཅར་འདྲི་བྱ་ཡུལ་གྱི་འཆར་གཞི་རོབ་ཙམ་བཀོད་ཟིན་ཡོད་པ་དེའི་ཐོག་ནས། ཁོང་ཚོ་རང་དབང་གི་ཐོག་ནས་གནས་ཚུལ་ལ་རྟོག་ཞིབ་བྱེད་དབང་མེད་པ་གསལ་པོ་རེད།

          ཁུངས་ལྡན་གནས་ཚུལ་ལྟར་ན། ཕྱི་ཟླ་ ༥ ཚེས་ ༣༡ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་དཀར་མཛེས་རྫོང་དུ་ཡང་བསྐྱར་བོད་རང་བཙན་གྱི་ཞི་རྒོལ་བྱས་ཡོད་པ་དང༌། ཞི་རྒོལ་བྱེད་མཁན་ནི་རང་ལོ་ ༢༠ སོན་པའི་བུ་མོ་བྱམས་པ་བདེ་སྐྱིད་ཟེར་བ་ཞིག་ཡིན་འདུག བུ་མོ་ལོ་ཆུང་དེས་སྐད་འབོད་བྱས་འཕྲལ་རྒྱ་གཞུང་གི་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དམག་ཡོང་སྟེ་ཉེས་རྡུང་དྲག་པོ་བཏང་སྟེ་མགོ་བོ་ནས་ཁྲག་ཐོན་དགོས་པ་བཟོས་རྗེས་འཛིན་བཟུང་གིས་འཁྲིད་ཕྱིན་འདུག

          ཡང་ཕྱི་ཟླ་ ༥ ཚེས་ ༢༢ ཉིན་དཀར་མཛེས་རྫོང་དུ་དཀར་མཛེས་རྩིས་ཚང་དགོན་པའི་གྲྭ་རང་ལོ་ ༡༨ སོན་པ་ཨོ་རྒྱན་བཀྲ་ཤིས་ཞུ་བ་ཞིག་གིས་ྋགོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་འཁྱེར་ཏེ་ཞི་བའི་སྐད་འབོད་བྱས་རྗེས་ཉེན་རྟོག་པས་འཛིན་བཟུང་བྱས་འདུག དེ་བཞིན་ཟླ་ ༥ ཚེས་ ༡༥ ཉིན་དཀར་མཛེས་རྫོང་སེ་ངོ་ཤང་ནས་ཡིན་པ་རང་ལོ་ ༡༨ ལ་སོན་པ་རྡོ་རྗེ་བཀྲ་ཤིས་ཞུ་བ་ཞིག་གིས་དཀར་མཛེས་རྫོང་དུ་ཞི་བའི་སྐད་འབོད་གནང་བར་བརྟེན་གོང་བཞིན་འཛིན་བཟུང་བྱས་འདུག འཛིན་བཟུང་བྱེད་སྐབས་བུ་མོ་ཡིན་མིན་དང༌། ལོ་ཆུང་ཡིན་མིན་གང་ལའང་མི་བལྟ་བར་ཉེས་རྡུང་ཤུགས་ཆེ་བཏང་སྟེ་རྨས་སྐྱོན་ཚབས་ཆེན་བཟོ་ཡི་ཡོད་པ་གསལ་པོ་རེད་འདུག

          དཀར་མཛེས་རྫོང་དུ་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ཐོག་མར་ཞི་རྒོལ་བྱུང་བ་ནས་ད་བར་ངོ་རྒོལ་སྐད་འབོད་ཐེངས་མང་བྱུང་བར་བརྟེན། ད་ཆ་དམག་མི་དང་ཉེན་རྟོག་པ་འབོར་ཆེན་བཀྲམས་ཏེ་ཧ་ཅང་དམ་དྲག་ཆེན་པོ་ཡོད་པར་མ་ལྟོས་པར། ཞི་བའི་ངོ་རྒོལ་བྱེད་མཁན་མུ་མཐུད་དེ་འབྱུང་བཞིན་པ་རེད། 

           

ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ། ང་ཚོས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་གཤམ་གསལ་ཛ་དྲག་གི་རེ་འབོད་ཞུ་བཞིན་ཡོད།

      བོད་ཡོངས་སུ་རྒྱལ་སྤྱིའི་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་པ་ཁག་འཕྲལ་དུ་གཏོང་དགོས་པ།

      རིས་སུ་མ་ཆད་པའི་གསར་འགོད་པ་རྣམས་བོད་ས་ཡོངས་སུ་གཏོང་དགོས་པ།

      བོད་ས་ཡོངས་སུ་དྲག་གནོན་གསོད་བརྡུང་གི་སྦྱོར་ངན་འཕྲལ་དུ་མཚམས་འཇོག་དགོས་པ།

      འཛིན་བཟུང་དང་བཙོན་འཇུག་བྱས་པའི་བཙོན་པ་ཡོངས་འཕྲལ་དུ་གློད་དགོས་པ།

      རྨས་སྐྱོན་ཕོག་པའི་བོད་མི་ཚོར་སྨན་བཅོས་ཀྱི་མཐུན་རྐྱེན་འཕྲལ་དུ་སྦྱོར་དགོས་པ།

འགྲུལ་བཞུད་བཀག་སྟེ་བཞག་པ་རྣམས་སྒོ་ཕྱེ་སྟེ་བཟའ་བཏུང་གི་མཐུན་རྐྱེན་འཕྲལ་དུ་སྤྲོད་དགོས་པ། བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས། ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༣ ལ།

མདུན་ངོས།

༄༅།།  བཀྲ་ཤིས་བདེ་ལེགས།