«

»

Jul 19

ང་དང་ཀླུ་སྨྱོན་ཧེ་རུ་ཀའི་གཏམ་རྒྱུད།

སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན།

གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ།། སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་།། གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ།། བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི།།
ཕྱི་ལོ་༡༩༩༦ལོའི་ལོ་མཇུག་ཙམ་ལ་ཁོ་བོ་བོད་ནས་རྒྱ་གར་དུ་འབྱོར་རྗེས། རྒྱ་གར་ལྷོ་ཕྱོགས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ལོ་གཅིག་ཙམ་ལ་བསྡད་དེ། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་མདོ་སྡེ་རྒྱན་སོགས་ལ་མཉན་ཅིང་དེ་ནས་བལ་ཡུལ་དུ་ཕྱིན། དེ་རྗེས་ཡང་ཕྱིར་རྒྱ་གར་དུ་ཡོང་སྟེ་བཞུགས་སྒར་རྡ་རམ་ཕྱིན་ནས་ལོ་གང་མང་ཞིག་ཏུ་དེར་བསྡད། དེ་ཡང་རྒྱ་གར་དུ་སླེབས་པའི་ལོ་དེ་ཀའམ་ཡང་ན་དེའི་ཕྱི་ལོ་ཙམ་ནས་ཀླུ་སྨྱོན་ཧེ་རུ་ཀའི་མཚན་ཐོག་མར་གོ་ཞིང་། སྐབས་དེ་དག་ཏུ་ཧོར་གཙང་འཇིགས་མེད་དང་། ཀླུ་སྨྱོན་ཧེ་རུ་ཀ་གཉིས་ཀྱི་མཚན་སྙན་ང་ཚོ་བཙན་བྱོལ་བོད་མིའི་རྩོམ་པ་པོའི་སྤྱི་ཚོགས་ཆུང་ཆུང་དེའི་ནང་དུ་མ་ཤོངས་བའི་དཀའ་ངལ་དང་འཕྲད་ཀྱི་ཡོད། རིམ་བཞིན་བདག་དང་འབྲོང་གི་ཕ་ས་དང་། ཁོང་རང་གི་ལོ་རྒྱུས་རྒྱལ་ཁབ་མེད་པའི་མི་ (homeless person) སོགས་ཁོང་གིས་བྲིས་པའི་དེབ་མང་པོ་བཀླགས་རྒྱུ་བྱུང་ཞིང་། བོད་དམར་པོ་ཁྲག་གི་ཨོཾ་དང་། ཤམྦྷ་ལའི་དུད་སྤྲིན་ཟེར་བ་སོགས་ཀྱི་བརྗོད་བྱ་རྣམས་མིག་ལམ་ལ་དངོས་སུ་ཤར་ཐུབ་པ་ལྟ་བུ་ཞིག་འདུག་པས་ཁོང་གི་སྨྱུག་རྩལ་ལ་ཡིད་སྨོན་ལན་མང་དུ་ཤོར། ཡང་གོ་རིམ་སྔ་ཕྱི་ཇི་བཞིན་མ་དྲན་ཀྱང་ཁོང་གིས་སྙན་ངག་མེ་ལོང་ལ་སྐྱོན་བརྗོད་བྱས་པའི་རྩོམ་ཞིག་འདུག་པར་ལོག་ལྟ་ཕྲན་བུ་ཤོར་ཞིང་། ཁོང་གི་ལོ་རྒྱུས་ཀྱི་ནང་དུ་འོད་དཔག་མེད་ཀྱི་ཞལ་གཟིགས་ཚུལ་ཞིག་འདུག་པ་ལ་དད་པ་ཡང་སྐྱེས་མྱོང་། རྡོ་རྗེ་གདན་གྱི་རྙིང་མའི་སྨོན་ལམ་སྐབས་དགུ་པའམ་བཅུ་པ་གང་རུང་ཞིག་གི་སྐབས། མི་གཞན་ཞིག་གིས་ཀླུ་སྨྱོན་ཧེ་རུ་ཀ་ཟེར་བ་དེ་ཕ་གི་རེད་བསྟན་བྱུང་བ་བཞིན། མཚན་སྙན་འབྲུག་སྟོང་ལྟར་གྲགས་པའི་ཀླུ་སྨྱོན་ཧེ་རུ་ཀ་ཐོག་མར་དངོས་སུ་མཐོང་ཞིང་། ཁོང་ནི་གདོང་པ་རིང་ཞིང་དཀར་བ་དང་། སྣ་ཡི་གཟེངས་མཐོ་ཞིང་སྨིན་མ་ཤིན་ཏུ་སྟུག་པ། ཞལ་རས་ལ་འོད་ཆགས་ཤིང་རང་བཞིན་གྱིས་འཛུམ་མདངས་ཕྲན་བུ་ཡོད་པའི་གྲྭ་གཞོན་ཕོ་ཉམས་ལྡན་པ་ཞིག་འདུག སྐབས་དེར་སྨོན་ལམ་གྱི་དགུང་མོའི་ཚོགས་ཐུན་གྱི་སྐབས་ཡིན་པས་གྲྭ་མང་གིས་འཇམ་དཔལ་མཚན་བརྗོད་འདོན་གྱིན་འདུག་ཀྱང་། ཁོང་གིས་གཟན་གྱི་འོག་ཏུ་སྨྱུག་གུ་དང་དེབ་ཆུང་ཞིག་བཟུང་ནས་མཆོད་རྟེན་གྱི་དབུ་རྩེ་ལ་བལྟ་ཙམ་རེ་བྱེད་ཞོར་ཅིག་འབྲི་གིན་བསྡད་འདུག འོན་ཀྱང་མཐོང་བ་ཙམ་ལས་འཚམས་འདྲི་སོགས་ནི་ཅི་ཡང་མ་བྱས། དེ་རྗེས་སྐབས་ཤིག་ལ་ཀླུ་སྨྱོན་ཧེ་རུ་ཀ་རྙིང་མའི་བླ་མ་ཞིག་གི་སྤྲུལ་སྐུར་ངོས་འཛིན་བྱས་པ་རེད་ཟེར་བ་དང་། དེའི་རྗེས་ཞིག་ལ་ཨ་རིར་ཕེབས་ནས་ཆོས་ཚོགས་ཆེན་པོ་བཙུགས་བསྡད་ཟེར་བ་སོགས་གོ་ཡང་དམིགས་བསལ་གྱི་དོ་སྣང་མ་བྱུང་། ཕྱི་ལོ་༢༠༠༧ལོར་ཁོ་བོ་ཡང་ཨ་རིར་སླེབས་ཤིང་། དེ་ནས་གློག་ཀླད་ཆག་རོ་ཞིག་ཀྱང་ཡོད་པར་གྱུར་པ་དང་། ༢༠༠༨ཀྱི་ལོ་ཙམ་ནས་དབྱིན་ཡིག་དང་རྒྱ་ཡིག་ལྟར་རྒྱལ་སྤྱིའི་རང་བཞིན་ཅན་གྱི་བོད་ཡིག་གི་དྲ་རྒྱ་ཡང་ཡོད་པར་གྱུར་བས། ཡང་བསྐྱར་ཀླུ་སྨྱོན་ཧེ་རུ་ཀའི་མཚན་སྙན་གྱི་འབྲུག་སྒྲས་རྣ་བ་འོན་གྲབས་བྱེད་པའི་མགོ་བཙུགས་སོང་། སྐབས་དེར་ངས་དོ་སྣང་བྱེད་ཡུལ་ཆེ་ཤོས་དེ་ཁོང་གི་དྲ་རྩོམ་རྣམས་མིན་པར་ཁོང་ལ་དོན་མེད་དུ་བསྟན་དགྲ་དང་། གྲྭ་རྫུན། བླ་རྫུན། སྤྲུལ་རྫུན་ཟེར་ནས་ཉི་མ་དུ་ཤར་ལ་སྡིག་དམོད་བྱེད་མཁན་སྐོར་ཞིག་འདུག་ཀྱང་། ཁོང་གིས་དེ་དག་ལ་ཚིག་ངན་གཅིག་ཀྱང་མི་གསུངས་ཞིང་། སྐབས་རེ་ཁ་མཚར་ལྟ་བུའི་ལན་རེ་སློག་པ་དང་། ཡང་ན་བཏང་སྙོམས་སུ་འཇོག་ཅིང་དེ་དག་གིས་ཁོང་དྲ་ཐོག་ཏུ་ཡོང་རྒྱུ་ལ་འགལ་རྐྱེན་ཅི་ཡང་ཐེབས་ཀྱི་མི་འདུག་པས་དེ་ལ་དོ་སྣང་ཆེན་པོ་བྱུང་སོང་། སྔར་༢༠༠༦ལོར་ང་རྡ་རམ་ས་ལར་སྡོད་སྐབས་བཻ་རོ་ཙ་ནའི་རྣམ་ཐར་འཁྲབ་གཞུང་ཞིག་ཡིག་ཐོག་ཏུ་ཕབ་ཡོད་ཀྱང། འཁྲབ་གཞུང་འབྲི་རྒྱུར་ཉམས་མྱོང་ཆེན་པོ་མེད་སྟབས་དེ་ཙམ་གྱིས་བློ་ཁ་གང་བ་ཞིག་བྱུང་མེད་པས། ཁོང་ལ་ཉམས་མྱོང་བརྗེ་རེས་སོགས་ཀྱི་གླེང་མོལ་རེ་བྱེད་འདོད་ཀྱང་། ངའི་སེམས་སུ་ཁོང་མི་དྲག་ཆེན་པོའི་ཨོ་ཟོབ་སྟོན་མཁན་ཞིག་ཡིན་ཤག་བྱས་ནས་ཐད་ཀར་འབྲེལ་བ་འཛིན་རྒྱུའི་སྙིང་སྟོབས་ཀྱིས་འདང་མ་སོང་། སྤྱིར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོ་ལ་མི་འདྲ་སའི་བར་ཁྱད་ཆེན་པོ་གཅིག་མཐོང་བ་ནི། བོད་ནང་གི་བླ་མ་དང་མི་དྲག་ཅི་ལྟ་བུ་ཞིག་ཡིན་ཡང་མཇལ་ཁ་ཞུ་སླ་ཞིང་སྐད་ཆ་བཤད་བདེ་བར་མ་ཟད། འགྱིང་ཉམས་དང་ཆེ་ཉམས་སོགས་སྟོན་མཁན་ཤིན་ཏུ་ཉུང་ན་ཡང་། རྒྱ་གར་དང་བལ་ཡུལ་གྱི་བོད་མི་ཚོ་ནི་དེ་དང་མི་འདྲ་བར་གཞིས་ཆགས་ཚོ་སྨྲོས་ཅི་དགོས། རང་དང་སྐལ་བ་མཉམ་པའི་གསར་འབྱོར་ཞིག་ཡིན་རུང་ཐ་ན་ཇ་ཁང་ཆུང་ངུ་ཞིག་ཕྱེ་ཐུབ་པའམ། ཡང་ན་སྦག་སྦག་འཁོར་ལོ་ཞིག་ཉོ་ཐུབ་ན་དེའི་ཕྱི་ཉིན་ནས་ཚེ་རིང་དོན་གྲུབ་ཀྱིས་བྲིས་པའི་ར་ལོའི་སྒྲུང་རྩོམ་ནང་གི་ར་ལོ་ལྟར། སྐད་ཆ་བཤད་སྟངས་དང་རྣམ་འགྱུར་སྟོན་སྟངས་ཆ་ཚང་འགྱུར་འགྲོ་བས། ཀླུ་སྨྱོན་ཧེ་རུ་ཀ་ནི་རྩོམ་པ་པོ་གྲགས་ཅན་ཡིན་པའི་ཁར་སྤྲུལ་སྐུ་ཆེན་པོ་ཡིན་པ་དང་། ཨ་རིར་སླེབས་ནས་ལོ་མང་འགོར་ཟིན་པས་ད་ཆ་ཕྱུགས་བདག་ཞིག་ཀྱང་ཡིན་ངེས་དང་། དེའི་སྟབས་ཀྱིས་སྐུ་ངོ་མི་ཆེན་ཀྱི་འགྱིང་ཉམས་སྟོན་མཁན་ཞིག་ཀྱང་ཡིན་ཤག་བྱས་པ་ཙམ་ལས་དམིགས་བསལ་གྱི་རྒྱུ་མཚན་གཞན་མེད།
ཐེངས་ཤིག་ཁོང་གིས་བྲིས་པའི་ངའི་རྒྱུད་ལ་སྙིང་རྗེ་སྐྱེས་པའི་དུས་སུ་ཟེར་བའི་རྩོམ་ཐུང་དེས་ངའི་སྙིང་དམར་པོ་ལ་སྦར་འཇུ་ཆེན་པོ་ཞིག་བརྒྱབས་སོང་ཞིང་། རྩོམ་ཡིག་དེ་ཀློག་སྐབས་ཁོང་ལ་ཐལ་མོ་སྦྱར་ཞོར་མིག་ཆུ་རྡོག་པོ་ཁ་ཤས་ཀྱང་མཁུར་མགོ་ནས་མར་ལྷུང་སོང་། རྩོམ་ཡིག་དེ་བཀླགས་མྱོང་མཁན་དང་། སྙིང་རྗེ་དང་བྱང་སེམས་ལ་དོ་སྣང་ཕྲན་བུ་བྱེད་མྱོང་མཁན་ཞིག་ཡིན་ཕྱིན། རྩོམ་ཡིག་དེ་ཉམས་མྱོང་གི་རྩོམ་ཡིག་ཅིག་ཡིན་པ་ལས་སྨྱུག་རྩལ་ཆེ་བ་ཙམ་གྱིས་ཐོན་རྒྱུ་ཞིག་མིན་པ་ཤེས་ངེས་པས་དོ་སྣང་ཅན་ཚོས་ཅིས་ཀྱང་ཀློག་རོགས་ཞུ་བ་ལགས།
གང་ལྟར་ཡུན་རིང་ཙམ་འགོར་རྗེས་ངེད་གཉིས་ཀྱི་བར་ལ་གློག་འཕྲིན་གཏོང་རེས་ཡོད་པ་ཞིག་ཏུ་གྱུར་ཅིང་། དེ་ནས་ག་ལེ་ག་ལེར་སུ་ཁེབ་ཀྱི་ཐོག་ནས་སྐད་ཆ་བཤད་རེས་ཡོད་པ་ཞིག་ཏུ་གྱུར་སོང་བས། ཁོང་གི་ཐུགས་འདོད་ལྟར་ངས་ཁོང་ལ་ཚིག་གསུམ་གནད་བརྡེག་རྩ་འགྲེལ་ཀྱི་དཔེ་ཆ་དང་། བཀླགས་ལུང་ཞིག་ཀྱང་ཕུལ་བ་ཡིན་ལ། ང་འབྲུག་ལ་འགྲོ་སྐབས་ཁོང་གིས་མཁའ་འགྲོ་དང་ཁྱེད་གཉིས་ལ་གསོལ་ཇ་ཞིག་ཕུལ་རྒྱུའི་ཚབ་ཡིན་ཞེས་ཨ་རིའི་སྒོར་མོ་བརྒྱ་ཡོད་པའི་དངུལ་འཛིན་ཞིག་ཀྱང་བཏང་བྱུང་།
ང་འབྲུག་ནས་ཕྱིར་སླེབས་རྗེས་ཟླ་གཅིག་ལྷག་གི་རིང་ཁོང་དྲ་ཐོག་ཏུ་མ་ཕེབས་པར་མ་ཟད། ཐ་ན་གློག་འཕྲིན་ཞིག་ཀྱང་བཏང་མ་སོང་ཞིང་། མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེ་སང་གིས་ཀླུ་སྨྱོན་ཧེ་རུ་ཀ་ལ་གླུ་བསྐུལ་རྡོ་རྗེའི་ཐོལ་གླུ་ཞེས་པ་ཞིག་བྲིས་ནས་དྲ་ཐོག་ཏུ་བཞག་སོང་ཡང་། ཁོང་གིས་མཆན་བུ་ཙམ་ཡང་གནང་མ་སོང་བས་ང་བློ་འཚབས་ནས་མཛངས་མ་ཚེ་རིང་སྐྱིད་ལ་སྐད་ཆ་དྲིས་པ་ཡིན། འོན་ཀྱང་ཁོ་མོས་ཐད་ཀར་ལན་ཅི་ཡང་མ་བཏབ་ཅིང་། ཉིན་ཤས་ཀྱི་རྗེས་ནས་ང་ལ་ཚུར་ཀླུ་སྨྱོན་དང་ཐུག་སོང་ངམ་ཞེས་འདྲི་གི་འདུག ཉིན་ཞིག་ཁོང་གློ་བུར་དུ་སུ་ཁེབ་ཐོག་ཏུ་སླེབས་ཤིང་། ཡུན་རིང་ཞིག་ལ་ཅུང་ན་བའི་རྐྱེན་གྱིས་དྲ་ཐོག་ཏུ་ཡོང་ཐུབ་མ་སོང་། ན་བ་འདི་ལས་སྡུག་ཅིག་མི་འདུག་ཀྱང་ཡག་ས་གཅིག་ཡོད་པ་དེ་སེམས་ཅན་ལ་སྙིང་རྗེ་ཕྲན་བུ་རེ་བསྒོམ་ཐུབ་ཀྱི་འདུག་གསུངས་བྱུང་། ནམ་རྒྱུན་དྲ་ཐོག་ནས་སྙིང་རྗེ་དང་སེམས་བསྐྱེད་སོགས་ཀྱི་སྐད་ཆ་རེ་བཤད་སྐབས་རྒྱ་བོད་ཀྱི་གཞུང་མང་པོའི་ཚིག་དོན་རྣམས་ཆུ་བཞུར་བ་ལྟ་བུ་ཞིག་འདུག་པས། བལྟས་ཚོད་ལ་སྔ་ཉིན་ནས་སང་ཉིན་འུ་གཉིས་ཀྱིས་འདིའི་ཐོག་ནས་བགྲོ་གླེང་བྱེད་རྒྱུ་ཡིན་པས་དོ་དགོང་གྲ་སྒྲིག་གྱིས་ཤོག་ཅེས་སྔོན་བརྡ་བརྒྱབ་པ་ཞིག་དང་འདྲ།
དེ་རྗེས་༧ཐམས་ཐད་མཁྱེན་པའི་དུས་དབང་སོ་གཅིག་པ་ཨ་རིའི་རྒྱལ་ས་ཨ་ཤིན་ཊོན་དུ་གནང་སྐབས་ཁོང་ངའི་ཁྱིམ་དུ་ཡོང་རྒྱུ་བྱས་པ་བཞིན། ཕྱི་ཟླ་༧པའི་ཚེས་༧ཉིན་ངའི་ཁྱིམ་དུ་ཕེབས་ཤིང་། ངེད་ཕ་བུ་གཉིས་ཀྱི་ཁྱིམ་ཉོབ་ཆེ་བ་དང་། ཁྱིམ་ཚང་ཡིན་ཟེར་ན་ལས་ཁུངས་ཤིག་དང་འདྲ་ཞིང་། ལས་ཁུངས་ཡིན་ཟེར་ན་ཉལ་ས་སོགས་ཡོད་པའི་ཁྱིམ་ཚང་ཞིག་དང་འདྲ་བ། དོན་དངོས་ལ་སྨན་ཇོ་ཐོག་ཅིག་གི་གྲིབ་མ་ཙམ་ཡང་རིག་རྒྱུ་མེད་པའི་དམག་མིའི་ཉལ་ཁང་ཞིག་དང་འདྲ་བོ་དེའི་ནང་དུ་ཁོང་འབོད་རྒྱུ་ལ་ང་ངོ་ཅུང་ཙམ་ཚ་སོང་ཡང་ཐབས་ཤེས་མི་འདུག ཐོག་མར་ཆོས་ཚོགས་སུ་ཕེབས་ཏེ། ངས་བཟོས་པའི་སྒྲ་དབྱངས་རྒྱ་མཚོའི་གླིང་ཞེས་པ་ལྷ་མོ་དབྱངས་ཅན་མའི་དཀྱིལ་འཁོར་ལ་ཕྱག་འཚལ་ཞིང་། སྣང་གསལ་གྱི་མཆོད་པ་ཕུལ་ནས་དབྱངས་ཅན་མའི་བསྟོད་པ་ཁ་ཤས་བཏོན་སོང་། དེའི་དགོང་མོ་དང་ཕྱི་ཉིན་ཞོགས་པ་གཉིས་སུ་ངེད་གཉིས་ཀྱིས་མིག་མང་ཐེངས་མང་པོར་བརྩེས་པ་དང་། མགོ་རྔ་ཡོད་མེད་ཀྱི་སྐད་ཆ་སྣ་ཚོགས་གང་མང་བཤད་སྐབས། ཁོ་བོ་ཡང་རྒྱུ་ནོར་མེད་པ་མ་གཏོགས་ཤེས་རབ་མེད་མཁན་ཞིག་མིན་པས། ཁོང་གི་ཐུགས་ལ་བྱམས་སྙིང་རྗེའི་རྒྱ་མཚོ་ཆེན་པོ་ཡོངས་སུ་འཁྱིལ་བའི་སྐྱེས་ཆེན་དམ་པ་གསེར་གྱི་རི་བོ་ལྟ་བུ་ཞིག་ཡིན་པ་ཧ་ཅང་གསལ་བོར་ཤེས་སོང་། དེར་བརྟེན་ཞོགས་ཇ་འཐུང་ཞོར་དུ་ངས་ཁོང་ལ། ངས་ཁྱེད་སྙིང་རྗེ་དང་བྱང་སེམས་ཆེན་པོ་ཡོད་མཁན་ཞིག་ཏུ་མཐོང་སོང་བས། མ་འོངས་པར་ནུབ་ཕྱོགས་པའི་སྤྱི་ཚོགས་སུ་བྱམས་སྙིང་རྗེའི་ཉམས་ལེན་ཤུགས་ཆེན་པོ་སྤེལ་རྒྱུ་ལ་འབད་དགོས་ཀྱི་འདུག ངས་བྱམས་བརྩེའི་གདམས་ངག་ཆེན་མོ་ཟེར་བ། བྱམས་སྙིང་རྗེ་ཉམས་ལེན་བྱེད་ཚུལ་གྱི་མན་ངག་ལེའུ་བཅོ་བརྒྱད་ཅན་ཞིག་བྲིས་ནས་ད་སྐབས་དབྱིན་བསྒྱུར་བྱེད་ཀྱི་ཡོད་པ་དེ་ངས་ཁྱེད་ལ་ཕུལ་ནས། ཁྱེད་ཀྱིས་གཟིགས་ཞིབ་དང་དག་བཅོས་ཁ་སྣོན་སོགས་གང་འདོད་བྱས་ཏེ། རྟེན་འབྲེལ་གྱི་ཆེད་དུ་སྐུ་ཉིད་ཀྱི་མཚན་ཐོག་ནས་པར་སྐྲུན་ཞུས་ན་ཡག་པོ་ཡོང་བ་འདྲ། མ་འོངས་པར་ཁྱེད་བྱམས་སྙིང་རྗེའི་བཀའ་བབས་ཆེན་པོ་ཞིག་ཏུ་འགྱུར་ངེས་རེད་འདུག་ཅེས་ཞུས་པས་ཁོང་གིས། ག་པ་ག་པ། ང་ལ་བྱམས་སྙིང་རྗེ་ཟེར་རྒྱུ་ཞིག་གང་ན་ཡོད། འོན་ཀྱང་སེམས་མི་སྐྱིད་པ་སོགས་ཀྱི་སྐབས་སུ་ཁུ་ནུ་བླ་མའི་བྱང་ཆུབ་སེམས་བསྟོད་དེ་ཐེངས་མང་པོར་བཀླགས་ཀྱི་ཡོད། དེས་སེམས་ལ་ཡང་སིལ་སིལ་འདྲ་བོ་ཞིག་ཡོང་གི་འདུག་གསུངས།
དེ་ནས་ཉིན་ཤས་རིང་དུས་འཁོར་དབང་ཆེན་ཞུས་རིམ་བཞིན་ཉིན་རེར་གསུང་ཆོས་ར་བ་ནས་ཐུག་ཅིང་ཉིན་རེར་ཐུག་གི་མི་འདུག ཕྱི་ཚེས་༡༥ཉིན་ངེད་གཉིས་བོད་ཁྲོམ་ནས་ཐུག་པས་མོག་མོག་དང་སྐམ་ཐུག་ཉོས་རྗེས་ར་ཁུག་ཅིག་ཏུ་བསྡད་དེ་མཉམ་དུ་ཟོས། ཟ་མ་ཟ་བའི་རིང་ཁོང་གིས་ར་ཐོག་ནས་ཡར་ག་ཤེད་ཅིག་ལ་ཡང་ཡང་བལྟ་གི་འདུག ཐོག་མར་ངས་དོ་སྣང་མ་བྱས་ཀྱང་ཐེངས་བཅུ་ཁ་ཞིག་ལ་བལྟས་རྗེས་ཅི་ཡིན་བསམ་ནས། ཨ་རོགས་ཅི་རེད། བུ་མོ་མཛེས་མ་ཞིག་མཐོང་སོང་བ་མ་རེད་དམ། ཞེས་དྲིས་པས། མ་རེད་ལགས། སྙིང་རྗེ། ཕུག་རོན་ནད་པ་ཞིག་འདུག འགྲོ་མ་ཐུབ་པར་བསྡད་འདུག རྐང་བ་ལ་སྐྱོན་ཞིག་ཤོར་ཡོད་པ་འདྲ་ཟེར། དེ་ནས་ངས་ཀྱང་ཕྱིར་བལྟས་བྱས་པས་བོད་པའི་ཕྲུ་གུ་ཞིག་གིས་ཕུག་རོན་ཞིག་བཟུང་འདུག་ཅིང་། ཕྲུ་གུ་དེས་ཁང་བརྩེགས་ཆེན་པོ་ཞིག་གི་སྒེའུ་ཁུང་འོག་མའི་ཁ་རུ་བཞག་ནས་བུད་སོང་། ངེད་གཉིས་ཀྱིས་ཟ་མ་ཟོས་ཚར་རྗེས་འགྱིག་སྣོད་སོགས་གད་སྙིགས་གཡུག་སའི་ནང་དུ་གཡུག་པ་དང་། དེ་ནས་ངས་ང་རང་གཉིས་ཕུག་རོན་ལ་ཅིག་བལྟ་བར་འགྲོ་ཞེས་ལྕགས་ར་ཞིག་འདུག་པའི་ཟུར་ནས་མར་ཕྱིན་པས། ནང་དུ་མ་འཛུལ་ཟེར་བའི་ཡི་གེ་དབྱིན་ཡིག་གིས་བྲིས་པ་སྦྱར་འདུག་སྟབས་ངེད་གཉིས་ཕྱིར་ཡོང་བ་ཡིན།
ཕྱི་ཚེས་༡༦གི་ཉིན་ནི་ཁོང་དང་ངེད་གཉིས་ཀྱི་སྙིང་དམར་པོ་དབྱེར་མེད་རྡོག་གཅིག་ཏུ་འདྲེས་པའི་ཉིན་མོ་ཞིག་ཡིན་ཞིང་། དེ་རིང་གི་སྒྲུང་ཐུང་ངམ་ཟིན་བྲིས་འདི་མ་བྲིས་པར་སྡོད་ཐབས་མེད་པའི་གནས་ཚུལ་གྱི་གཙོ་བོ་ཡོང་བའི་ཉིན་མོ་ཡང་ཡིན། དེ་ཡང་ཚེས་༡༥ཉིན་དུས་དབང་ཡོངས་སུ་གྲུབ་པས་ཚེས་༡༦གི་ཉིན་འདིར་མི་མང་ལ་ཚེ་དབང་དང་། ༧ཐམས་ཐད་མཁྱེན་པར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བརྟན་བཞུགས་ཕུལ་བའི་ཉིན་མོ་ཡིན་ཞིང་། སྔ་དྲོའི་ཆ་ལ་དེ་དག་ཐམས་ཅད་ཡོངས་སུ་གྲུབ་སོང་། དེ་ནས་ངེད་ཕ་བུ་གཉིས་ཕྱིར་ཁྱིམ་དུ་འགྲོ་འདོད་བྱུང་ཡང་། སྔར་ཁོང་ངའི་ཁྱིམ་དུ་ཕེབས་སྐབས། ཁོང་གིས་ཉོས་པའི་བོད་བཙན་པོའི་རྒྱལ་རབས་ཞེས་པ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེས་བྲིས་པ་དེ་ལྷག་འདུག་པ་ཉིན་འདིར་ཁོང་ལ་སྤྲོད་རྒྱུར་ཁྱེར་ཡོད་པས། ཁ་པར་བཏང་སྟེ། ངས་ཁྱེད་ཀྱི་དེབ་དེ་ཁྱེར་ཡོད། ཁྱེད་གང་དུ་ཡོད་ཅེས་བྱས་པས། ང་འགྲེམ་སྟོང་ཁང་གི་ར་ཁུག་ཅིག་ཏུ་བསིལ་ཡིབ་བྱས་ནས་བསྡད་ཡོད། ཁྱེད་ཀྱིས་ངའི་དེབ་དེ་དཔལ་ལྡན་རྒྱལ་གྱི་ཚོང་ཁང་དུ་འཇོག་རོགས་བྱོས་ཟེར། དེ་ནས་ངས་དེབ་དེ་དཔལ་ལྡན་རྒྱལ་གྱི་ཚོང་ཁང་དུ་བཞག་རྗེས། ཡང་བསྐྱར་བོད་ཁྲོམ་ལ་བསྐོར་བ་ཐེངས་གཅིག་རྒྱག་ཞོར་ཁར་སང་གི་ཕུག་རོན་དེ་ལ་བལྟས་པས་མཐོང་སར་མི་འདུག་སྟབས། bird
སྙིང་རྗེ་ཤི་ཚར་བ་ཡིན་ནམ་ཅི་བྱུང་སོང་བ་ཡིན་སྙམ། ཕྱིར་ཡོང་བའི་ལམ་ཁར་ཨ་ལགས་མཚན་སྒྲོག་སང་དང་ཁོང་གཉིས་ལམ་ཁའི་ཕར་ཕྱོགས་སུ་བཞུགས་འདུག་པས་དེར་ཕྱིན་པ་དང་། འདྲ་པར་འགའ་བླངས་རྗེས་ངེད་ཕ་བུ་གཉིས་ངའི་དྲུང་ཡིག་བུ་མོའི་མོ་ཊ་ལ་བསྡད་ནས་ཕྱིར་ཡོང་། ནམ་རྒྱུན་ཝ་ཤིན་ཊོན་ནས་ངའི་ཁྱིམ་བར་དུ་མོ་ཊས་སྐར་མ་བཞི་བཅུ་ལྔ་བཅུ་ཙམ་ནས་མི་འགོར་ཡང་། དེ་རིང་ལམ་ཁ་སྐྱིད་ཤོས་རྣམས་བདམས་ནས་ཡོང་བ་ཡིན་ཟེར། ཧ་ལམ་ཆུ་ཚོད་གཅིག་དང་ཕྱེད་ཙམ་འགོར་སོང་། ཐོག་མར་ཁྱིམ་དུ་མ་ཕྱིན་པར་བགྱི་བ་འགའ་ཞིག་གི་སླད་ཆོས་ཚོགས་སུ་ཕྱིན་ཞིང་། ཉིན་འདིར་ཚ་གདུག་ཧ་ཅང་ཆེ་བས་ཁྱིམ་དུ་སླེབས་མ་ཐག་ངས་དྲུང་ཡིག་གིས་ང་ལ་ཆུ་གྲང་མོ་དར་སོབ་ཡོད་པ་ཅིག་སྤྲད། ཆུ་དེ་ལས་ཧུབ་གཉིས་གསུམ་ཙམ་འཐུང་རྗེས་ཁ་པར་ཞིག་སླེབས་སོང་། གཅིག་བལྟས་པས་ཀླུ་སྨྱོན་གྱི་ཁ་པར་རེད། ངས་ཧ་ལོ་ཞེས་བྱས་པས། ཁོང་གིས་ཅིག་གསུངས་སོང་ཡང་ངུས་ནས་དབུགས་འཚང་བཞིན་གསུང་ཀྱིན་འདུག་པས་གསལ་པོ་ཞིག་གོ་མ་སོང་། འོན་ཀྱང་ཁོང་ལ་མོ་ཊ་བརྡབ་སྐྱོན་བྱུང་བ་འདྲ་བོ་ཞིག་མིག་ལ་ཤར་བས་སྙིང་འཕག་ལྷོག་རྒྱག་བཞིན་ཡང་བསྐྱར་དྲིས་པས། ཁོང་གིས་ང་ཁར་སང་གི་ཕུག་རོན་དེའི་འཁྲིས་སུ་ཡོད། འདི་ད་དུང་ཉིན་ཁ་ཤས་ལ་ཤི་ས་མ་རེད། ངས་བསྐྱུར་ནས་འགྲོ་རྒྱུ་བློས་ཐོངས་ཀྱི་མི་འདུག་པས། མཁན་པོ་ངག་དབང་རྡོ་རྗེ་དང་ཁྱེད་རྣམ་པ་གཉིས་ཀྱི་གཅིག་གིས་བདག་པོ་རྒྱག་རོགས་ཞུ། ང་ནི་སང་ཉིན་གནམ་གྲུའི་ནང་ནས་ཕར་འགྲོ་དགོས་པ་རེད་ཟེར། ངས་གསལ་པོར་གོ་སོང་ཡང་། ངས་དྲུང་ཡིག་ལ་ཡང་བསྐྱར་ཕྱིར་ཝ་ཤིན་ཊོན་དུ་འགྲོ་རོགས་ཟེར་རྒྱུར་སྟབས་བདེ་བོ་ཡོང་ཆེད། ལགས། ངས་གོ་གི་མི་འདུག ཡང་བསྐྱར་གསུངས་དང་ཞེས་ཟེར་ཞོར་དྲུང་ཡིག་ལ་འདིར་ཤོག་ཟེར་བའི་ལག་བརྡ་བྱས་ཤིང་། ཁ་པར་གྱི་སྐད་ཕྱི་ལོགས་སུ་བླངས། དེ་ནས་ཁོང་གིས་ཡང་བསྐྱར་གོང་གི་སྐད་ཆ་དེ་དག་ངུ་བཞིན་ཐེངས་གཅིག་གསུངས་སོང་། དེ་ནས་ངས་ང་ཕྱིར་རང་གི་སྡོད་གནས་སུ་སླེབས་ཚར་བས་ཁྱེད་ཀྱིས་མེ་འཁོར་ནང་ནས་ལམ་གྱི་ཕྱེད་ཀ་ཙམ་ལ་བསྐྱལ་ཐུབ་ཀྱི་འདུག་གམ། ལམ་གྱི་ཕྱེད་ཀར་ང་ལེན་དུ་ཡོང་ཆོག་ཅེས་བྱས་པས། ཁོང་གིས་ང་ཡོང་ཤེས་ཀྱི་མ་རེད་ཟེར། ངས་སྐར་མ་གསུམ་ལ་སྒུག་དང་ངས་ཁ་པར་བཏང་ཡོང་ཞེས་བྱས་ནས་ངས་དྲུང་ཡིག་ལ། ཁ་པར་གཏོང་མཁན་དེ་སྤྲུལ་སྐུ་ཀླུ་སྨྱོན་རེད། ཁར་སང་ཕུག་རོན་ནད་པ་ཞིག་འདུག་པ་དེ་ཁོང་གིས་བློས་མ་ཐོངས་པར་དེའི་ཆེད་དུ་ངུ་བཞིན་འདུག ང་ལེན་དུ་ཤོག་ཟེར། ཁྱོད་ཀྱིས་ང་མེ་འཁོར་འབབ་ཚུགས་སུ་ད་ལྟ་རང་སྐྱེལ་ཐུབ་ཀྱི་འདུག་གམ་ཞེས་བྱས་པས། ཁོ་མོས་ཨ་ཨ། ཁོང་གི་སྙིང་རྗེ་ཆེན་པོ་དེས་ངའི་སྙིང་ལ་འཇུས་སོང་། ཁྱེད་ཚོ་བོད་པའི་བླ་མ་ཚོ་དངོས་གནས་སྙིང་རྗེའི་རྒྱ་མཚོ་རང་རེད། དེ་ཡང་ཤེས་རབ་མེད་ན་སྙིང་རྗེ་མི་ཡོང་བས་དོན་ལ་ཤེས་རབ་དང་སྙིང་རྗེ་གཉིས་ཀྱི་རྒྱ་མཚོ་རེད། ད་ལྟ་རང་ངས་མོ་ཊ་བཏང་ནས་ཕྱིར་འགྲོ་ཟེར་ཁོ་མོས་མིག་ཆུ་ཕྲེང་ཐག་ཆད་པ་བཞིན་བཏང་སོང་བས། ངས་ཀྱང་སྙིགས་མའི་དུས་འདིར་སྐྱེས་བུ་འདི་འདྲ་རེ་ད་དུང་མཇལ་རྒྱུ་ཡོད་པ་རེད་བསམ་ནས་མིག་ཆུ་རང་དབང་མེད་པར་ཤོར། དེ་ནས་ཁོང་ལ་ཁ་པར་བཏང་སྟེ་ཅུང་སྒུག་དང་ད་ལྟ་རང་ཕྱིར་སླེབས་ཡོང་ཞེས་བྱས་ནས་འཕྲལ་དུ་ཆུ་འཐུང་འཕྲོ་དེ་ཁྱེར་ནས་ལམ་ལ་ཞུགས་པ་ཡིན། ཆུ་ཚོད་གཅིག་མ་ཟིན་ཙམ་འགོར་རྗེས་ཡང་བསྐྱར་ཝ་ཤིན་ཊོན་དུ་སླེབས་སོང་། འོན་ཀྱང་མོ་ཊ་འཇོག་ས་མ་རག་པས་དྲུང་ཡིག་གིས། ཁྱེད་སོང་ནས་ཕུག་རོན་ལོངས་ཤོག་དང་། ངས་སྲང་བར་འདི་ནས་མོ་ཊ་བཏང་སྟེ་སྐོར་བ་རྒྱག་གི་འདུག་ཟེར། དེ་ནས་ངས་ཁོང་ལ་ལམ་ཁ་གང་ནས་ཡར་འཛེགས་དགོས་པ་དྲིས་ཏེ་ཁོང་ཡོད་སར་ཕྱིན་པས། ཁོང་ཨ་རིའི་རྒྱལ་སའི་གསོན་བསྲེག་བྱེད་ལ་ཉེ་བའི་ཚ་གདུག་དེའི་ནང་བསིལ་གྲིབ་ཙམ་ཡང་མེད་སར་ད་དུང་བཞུགས་འདུག་པ་དང་། ཤིང་བུ་ཆུང་ཆུང་བྱིས་པ་ལོ་ལྔའི་བོང་ཚོད་ཙམ་ཞིག་འདུག་པའི་སྟེང་དུ་གཟན་བཀབ་ཅིང་། དེའི་བསིལ་འོག་ཏུ་ཕུག་རོན་བཞག་སྟེ་ཆུ་ཐིག་པ་རེ་ཁར་ཨེ་འགྲོ་བལྟ་བཞིན་འདུག ང་དེར་སླེབས་དུས་ཁོང་གི་མིག་གཉིས་ཀ་དམར་པོར་གྱུར་འདུག་ཅིང་། བཤུམས་རྒྱུ་མང་སོང་བས་མིག་སྤགས་ཀྱང་སྐྲང་འདུག ད་དུང་སྣ་ཡང་འཚངས་ཏེ་འབུགས་འགགས་པས་དབུགས་ཁ་ནས་གཏོང་བཞིན་འདུག ངས་ཁོང་ལ་ངས་ནི་ཁྱེད་ཀྱི་དེབ་སྐྱེལ་དུ་ཡོང་སྐབས་བལྟས་ཀྱང་མཐོང་མ་སོང་། ར་སྐོར་ནང་དུ་ནི་ཐར་མ་སོང་བྱས་པས། ཁོང་གིས་ར་ཁུག་གི་གཤོང་བུ་ཆུང་ཆུང་ཞིག་བསྟན་ནས། ང་འདིར་སླེབས་སྐབས་མ་གིའི་བྱེ་མ་ཚ་བོ་དེའི་ནང་དུ་འཕག་ར་བྱེད་ཀྱིན་འདུག་གསུངས་སོང་། ངས་ཕུག་རོན་བླངས་རྗེས་ཁོང་གིས་ཐལ་མོ་སྦྱར་ཏེ་སླར་ཡང་སྤྱན་ཆབ་མང་དུ་གཏོང་བཞིན། དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན།། མར་གྱུར་འགྲོ་བའི་སྡིག་སྒྲིབ་སྡིག་བསྔལ་ཀུན།། མ་ལུས་ད་ལྟ་བདག་ལ་སྨིན་པ་དང་།། བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས།། འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས།། ཞེས་སོགས་ཀྱི་སྨོན་ལམ་ཁ་ཤས་བཀྱོན་སོང་བ་དངོས་གནས་མིག་གིས་བལྟ་མི་བཟོད་པ་ཞིག་རེད། ངས་མིག་ཆུ་ཤོར་གྲབས་བྱས་ཏེ་བསྲན་ཐུབ་ཀྱི་མི་འདུག་སྟབས་ཁོང་ལ་མ་བལྟས་པས་ལམ་ནང་གི་མི་ཚོར་བལྟས་ཏེ་སེམས་ཅུང་གཡེང་ཐབས་བྱས། དེ་ནས་ཁོང་གིས་ང་དང་ཕུག་རོན་གཉིས་ལམ་ཁར་བསྐྱལ་ཞིང་། ཟླ་བ་ཁ་ཤས་ཀྱི་སྔོན་ངས་ཁོང་ལ། ནུབ་ཕྱོགས་པའི་སྔགས་པ་ཆོས་ཀྱི་སློབ་སྦྱོང་ཆེན་པོ་མེད་མཁན་ཚོ་དང་། ཧི་མ་ལ་ཡི་རི་རྒྱུད་ཀྱི་སྔགས་པ་ཚོའི་ཆེད་དུ་བསྐྱེད་རྫོགས་ཀྱི་རྣམ་བཞག་ཤིན་ཏུ་གོ་སླ་བ་ཞིག་འབྲི་རྩིས་ཡོད་ཅེས་ཞུ་མྱོང་བ་བཞིན། ཁོང་གིས་དེ་རིང་གི་དགེ་རྩ་འདི་དང་རྟེན་འབྲེལ་མཚོན་བྱེད་ཀྱི་མཎྜལ་འདི་ཁྱེད་ཀྱིས་བསྟན་བཅོས་དེ་མྱུར་དུ་རྩོམ་པར་བསྐུལ་བའི་ཆེད་ཡིན་གསུངས་ནས། ལྷ་དར་སེར་བོ་རྟགས་བརྒྱད་ཀྱི་རི་མོ་ཡོད་པ་ཞིག་དང་། ཨ་སྒོར་༡༡༠གནང་བ་རྟེན་འབྲེལ་ལ་བསམ་ནས་ལེགས་སོ་ཞུས་ཏེ་བླངས། སླར་ཡང་ངེད་གཉིས་སོ་སོར་གྱེས་ཁར་ཁོང་གིས་ངའི་ལག་མགོར་བཟུང་སྟེ། རིན་པོ་ཆེ། དེ་རིང་ནས་བཟུང་ཕུག་རོན་འདི་ཁྱེད་ཀྱི་བུ་གཉིས་པ་ཡིན་པས་ཉིད་ཀྱིས་དེ་ལུགས་ཐུགས་ལ་འཛིན་རོགས་ཞུ་གསུངས་པར། ངས་ཡིན་དང་ཡིན། ཐུགས་ཁྲལ་རྩ་བ་ནས་གནང་མི་དགོས་ཞུས་ཏེ་ཕྱིར་ཡོང་བ་ཡིན། ཁྱིམ་དུ་སླེབས་རྗེས་ཞིབ་བལྟ་བྱས་པས་ལག་གཡོན་མའི་རྩིབས་ལོགས་སུ་རྨ་ཆེན་པོ་ཞིག་འདུག་ཀྱང་རྣག་ནི་མི་འདུག སྲོག་ཆགས་ཀྱི་སྨན་ཁང་དུ་ཁྱེར་ན་ཨ་སྒོར་སྟོང་ཕྲག་ཡར་མར་ཤོར་འགྲོ་བས་ང་ལ་སྒོར་མོ་དེ་ཙམ་ཞིག་མེད། དེར་བརྟེན་ང་རང་གིས་རྨ་སྨན་དམིགས་བསལ་ཞིག་བཀོལ་ནས་སྨན་བཅོས་བྱས་པ་ཡིན། དེ་རིང་རྐང་བ་ཡ་གཅིག་གི་མགོར་ཡར་ལངས་ནས་འགྲོ་བཞིན་འདུག སྟབས་ཡག་ཤོས་ཤིག་ལ་ངའི་ཁང་ཆུང་ནང་དུ་སྟོང་པ་ཡིན་ཞིང་། ཁང་མཐིལ་ཡང་ཤིང་ཡིན་པས་ཁོ་རང་གང་འདོད་ལྟར་དུ་འཁྱམས་ས་ཡོད་ཅིང་། བྱ་སྐྱག་གཏོང་བ་སོགས་ལ་འཛེམས་དགོས་དོན་མེད་མོད། ཆུ་འཐུང་རོགས་བྱེད་ཀྱི་མི་འདུག་ཅིང་ཟས་ཀྱང་ཟ་རོགས་བྱེད་ཀྱི་མི་འདུག ངས་རང་གི་བུ་ལ། ཕུག་རོན་འདི་སྤྲུལ་སྐུས་ཁྱོད་ལ་ནུ་བོ་ཡིན་ཞེས་གནང་བ་རེད། འདི་ཁྱོད་ཀྱི་ནུ་བོ་ཡིན་པས་བདག་སྐྱོང་ཡག་པོ་བྱེད་རོགས་ཞེས་བྱས་པ་ཡིན། ངའི་བུ་ལོ་ཆུང་ཡང་བྱམས་སེམས་དགའ་རབ་ཅིག་ཡོད་པས་ཕུག་རོན་དེ་ལ་ལག་ཧ་ཅང་ལྷོད་པོས་གཅེས་སྐྱོང་ཚད་མེད་བྱེད་ཀྱི་འདུག་ཅིང་། ང་རང་ལ་ཕུག་རོན་འདི་ཡོད་པས་ཧ་ཅང་དགའ་སོང་ཟེར། ཉིན་གུང་མཁན་རིན་པོ་ཆེ་ངག་དབང་རྡོ་རྗེས་ཁ་པར་ཡོང་ནས་ཕུག་རོན་ག་འདྲ་འདུག་ཅེས་དྲིས་པས། ངས་ཕུག་རོན་བདེ་ཐོག་རེད། ད་དུང་ངས་སྤྲུལ་སྐུ་ཀླུ་སྨྱོན་དང་འབྲེལ་བའི་རྩོམ་ཡིག་འབྲི་བཞིན་ཡོད་ཅེས་ཞུས་པས། འོ་དེ་ཡག་པོ་རེད། མགྱོགས་པོར་བྲིས་ནས་ངའི་དྲ་ཐོག་ཏུ་བསྐུར་རོགས་ཞུ། ཁོང་དངོས་གནས་གཞན་དང་མ་འདྲ་བ་ཞིག་འདུག་གསུངས། དགུང་མོའི་ཆུ་ཚོད་བདུན་པ་ཡར་མར་ཞིག་ལ་སྤྲུལ་སྐུ་ཀླུ་སྨྱོན་གྱིས་ཁ་པར་ཡོང་ནས་ཕུག་རོན་གྱི་སྐད་ཆ་དྲིས། ཁོང་ཕྱིར་ཁོང་གི་བཞུགས་གནས་སུ་སླེབས་ཟིན་འདུག ངས་ཁྱེད་ཀྱི་ཕུག་རོན་དེ་ཞེས་བྱས་པས། ཁོང་གིས་ད་ངའི་ཕུག་རོན་མ་རེད། ཁྱེད་ཀྱི་ཕུག་རོན་རེད་གསུངས། དམ་པའི་སྐྱེ་བོ་དང་མཇལ་བའི་རྟོགས་བརྗོད་མགོ་ཟིན་རྔ་ཟིན་མ་ཞེས་བྱ་བ་རེ་ཞིག་རྫོགས་སོ།།

2 comments

  1. སྙེ་ལྷའི་ཐུགས་སྲས།

    དེ་འདྲ་བའི་སྤྲུལ་སྐུ་ནི་ང་ཚོ་བོད་མའི་རྒྱན་དང་། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་འཛིན་གྱི་སྐྱེ་བུ་ངོ་མ་རེད། ངས་ད་བར་དུ་གོ་མྱོང་བ་དང་འདྲིས་བཤིབས་མེད་ཀྱང་སྐུ་ཉིད་ཀྱི་རྩོམ་ཡིག་གང་མང་ཞིག་ངས་བལྟ་ཀློག་བྱེད་མྱོང་ཡོད་དེ་ཡང་ལས་བཟང་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། མུ་མཐུད་ནས་་་་་་་་་་་་་ངོ་མཚར་མོས་པ་འཕེལ་བའི་འཕྲིན་ལས་ཀྱི་འཇུག་པ་མི་ལྷོད་པ་མཁྱེན། ་་་་་་་
    མཁྱེེེན།་་་་་

  2. མེ་ཏོག་དཀར་པོ།

    ལགས་སོ། ཁོ་བོ་དྲ་བ་འདིར་གསར་འབྱོར་ཡིན།

Leave a Reply

Your email address will not be published. Required fields are marked *

You may use these HTML tags and attributes: <a href="" title=""> <abbr title=""> <acronym title=""> <b> <blockquote cite=""> <cite> <code> <del datetime=""> <em> <i> <q cite=""> <strike> <strong>