དེ་རིང་སྟེ་ཕྱི་ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་དང་སྐར་མ་བཞི་བཅུ་ཞེ་ལྔའི་ཐོག ཤར་ལྷོ་བསུ་དཔལ་གྲོང་བརྡལ་ནས་འགྲུལ་སྐྱེལ་རླངས་འཁོར་ནང་ལམ་དུ་ཆས། དུས་ཚོད་བཅུ་གཉིས་ཐོག་ཨ་རིའི་རྒྱལ་ས་ཝ་ཤིང་དྲུང་གྲོང་ཁྱེར་དུ་འབྱོར་བསྟུན། གྲོགས་པོ་སྟག་ལྷ་རྒྱལ་གྱི་རླངས་འཁོར་ནང་བསྡད་ནས་ཉི་འོག་གྲོང་ཁྱེར་དུ་ཤར་བསྐྱོད་བྱས། ངེད་གཉིས་དེར་འགྲོ་དོན་འདི་ལོའི་བོད་ཀྱི་ལོ་སར་ཉིན་ནས་བཟུང་། བོད་ཀྱི་གཞོན་ནུ་ཚོགས་པའི་བཀོད་སྒྲིག་འོག་སྐྱབས་མགོན་ཤིང་བཟའ་མཆོག་སྤྲུལ་རིན་པོ་ཆེ་དང་། སྐུ་ཞབས་རྡོ་རྗེ་རྒྱལ་པོ། སྐུ་ཞབས་ཡེ་ཤེས་བསྟན་འཛིན་ལགས་གསུམ་གྱིས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་དགོས་འདུན་དོན་ཚན་ལྔ་བཏོན་ཏེ། དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་ནས་ཟླ་གཅིག་ཧྲིལ་པོ་འགོར་བའི་ཉིན་མོ་རེད།
ལམ་ཁ་ནས་གྲོགས་པོ་སྟག་ལྷ་རྒྱལ་དང་ངེད་གཉིས་ཀྱིས་ཁོང་རྣམ་པའི་སྐུ་གཟུགས་ཀྱི་གནས་སྟངས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བརྡ་ལན་ཡོང་མིན་བཅས་གླེང་བཞིན་ཡོང་བ་ཡིན། སྟབས་ལེགས་པ་ཞིག་ལ། སྟག་ལྷ་རྒྱལ་གྱིས་བཟོད་པ་ལགས་སུ་ཁ་པར་བཏང་དུས། བཟོད་པས་ད་ལྟ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཞིག་ཡོང་རྒྱུ་རེད་ཅེས་གླེང་བཞིན་འདུག་ཟེར། དེ་རྗེས་ནང་མ་འགོར་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷེན་ཁེས་མོན་གྱི་དམིགས་བསལ་སྐུ་ཚབ་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་དྲུང་ཆེའི་སྐུ་ཚབ་གཉིས་དངོས་སུ་ཟས་བཅད་ངོ་རྒོལ་གནང་སར་ཕེབས་ནས། དགོས་འདུན་དོན་ཚན་ལྔའི་ནང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རང་དབང་ལྡན་པའི་ལྟ་སྐོར་བ་བོད་དུ་བཏན་ནས་བོད་ནང་གི་གནས་སྟངས་རྒྱུས་ལོན་བྱེད་རྒྱུའི་ཁས་ལེན་གནང་བ་མ་ཟད། ཟས་བཅད་ངོ་རྒོལ་བ་རྣམས་མྱུར་དུ་སྨན་བཅོས་བྱེད་དགོས་ཚུལ་དང་སྨན་རིན་ཀྱང་རྒྱལ་ཚོགས་ནས་སྤྲོད་ཆོག་གསུང་འདུག དེར་བརྟེན་ཟས་བཅད་ངོ་རྒོལ་མཚམས་འཇོག་གི་བྱེད་སྒོ་བསྡུས་ཤིང་། གཞོན་ནུའི་ཚོགས་གཙོས་གཞོན་ནུའི་ལས་འགུལ་གྱི་གྲུབ་འབྲས་སྐོར་གྱི་གཏམ་བཤད་དང་། སྐྱབས་མགོན་ཤིང་བཟའ་རིན་པོ་ཆེ་མཆོག་གིས། ད་ཐེངས་ཀྱི་རྒྱལ་ཁ་ཆུང་ཆུང་འདི་གཙོ་བོ་གཞིས་ལུས་བོད་མིའི་སྙིང་སྟོབས་དང་ལྷག་པར་གཅེས་པའི་ཚེ་སྲོག་བཏང་བའི་དཔའ་བོ་དཔའ་བོ་རྣམས་ཀྱི་རླབས་ཆེན་གྱི་མཛད་རྗེས། ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་དང་། ཁྱད་པར་ཉི་འོག་གྲོང་ཁྱེར་གྱི་བོད་མི་རྣམས་ཀྱི་ལྷག་བསམ་རྣམ་དག་གི་རྒྱབ་སྐྱོར། གཞོན་ནུ་ཚོགས་པའི་བཀོད་སྒྲིག་གང་ལེགས་གནང་བའི་གྲུབ་འབྲས་ལས། ང་ཚོ་མི་གསུམ་གྱིས་བླངས་བའི་རྒྱལ་ཁ་ཞིག་མ་རེད། ད་དུང་ད་ཐེངས་ཀྱི་ལས་འགུལ་འདིར་དེ་ལས་ལྷག་པའི་གྲུབ་འབྲས་མངོན་གསལ་ཞིག་ཐོན་ཡོད་པ་ནི། བོད་མི་མང་ཆིག་སྒྲིལ་གྱི་ནུས་པ་མངོན་གསལ་དོད་པོ་བྱུང་བ་འདི་ཡིན། ཡིན་ན་ཡང་ད་དུང་ང་ཚོས་ངེས་པར་དུ་བསྒྲུབ་དགོས་པའི་དོན་དག་གལ་ཆེ་ཤོས་ནི། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་འདི་ཡིན་པས། མ་འོངས་པར་ཡང་བོད་མི་ཡོངས་ཀྱི་རྡོག་རྩ་གཅིག་ཆིག་བསྒྲིལ་གྱིས་ལས་འགུལ་སྤེལ་ཐུབ་པ་ཡིན་ན། ནུས་པ་ཆེན་པོ་ཐོན་པའི་ཡིད་ཆེས་ཡོད་ཅེས་སོགས་ཀྱི་བཀའ་སློབ་གནང་བས། མི་མང་ལ་སེམས་འགུལ་ཐེབས་ཏེ་ངུ་འབོད་དང་ཧ་བགད་བྱེད་པ་མང་པོ་བྱུང་ཚུལ་དང་། ད་ལྟ་ཁོང་རྣམ་པ་སྨན་ཁང་དུ་ཕེབས་སོང་བའི་གནས་ཚུལ་རྣམས་གསལ་བོར་ཐོས་པས། དགའ་སྤྲོའི་ངང་མུ་མཐུད་དུ་ཉི་འོག་གྲོང་ཁྱེར་དུ་བསྐྱོད།
དུས་ཚོད་ལྔ་བ་ཙམ་ལ་ཉི་འོག་གྲོང་ཁྱེར་དུ་ཡོད་པའི་ཇོ་ནང་ཆོས་ཚོགས་རྡོ་རྗེ་གླིང་དུ་སོང་ནས་སོས་དལ་ངང་བསྡད་དེ་སང་ཉིན་ཁོང་རྣམ་པར་མཇལ་དུ་འགྲོ་འཆར་བྱེད་བཞིན་པའི་སྐབས། ཤིང་བཟའ་རིན་པོ་ཆེས་སྟག་ལྷ་རྒྱལ་ལ་ཁ་པར་ཕེབས་ནས་ངེད་གཉིས་ད་ལྟ་ཤོག་ཅེས་གསུང་བས། ཨ་ཁུ་བསྟན་འཛིན་ནམ་མཁའ་ལམ་མཁན་དུ་ཁྲིད་ནས་སྨན་ཁང་དུ་ཤར་བསྐྱོད་བྱས། སྨན་ཁང་སྒོ་འགྲམ་དུ་ཐོན་དུས་ད་དུང་ཁོང་རྣམ་པ་མྱུར་སྐྱོབས་ཁང་དུ་ཡོད་ཅིང་། དུས་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་མ་གཏོགས་མི་སུ་ཡང་ནང་དུ་གཏོང་གིན་མི་འདུག་པས། དུས་ཚོད་མི་སྒུག་ཐབས་མེད་བྱུང་།
དུས་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་ནང་དུ་བཏང་བས། རིན་པོ་ཆེ་མྱུར་སྐྱོབས་ཁང་མིག་ཞིག་ཏུ་བཞུགས་ཡོད་ཅིང་། སྐུ་གཟུགས་ཧ་ཅང་གསལ་དངས་ཡིན་པའི་ཚོར་སྣང་བྱུང་། དེ་དུས་རིན་པོ་ཆེས་གསུང་དོན། ད་ཐེངས་ཀྱི་རྒྱལ་ཁ་དེ་ཧ་ཅང་བགྲང་འོས་པ་ཞིག་མིན་མོད། གཙོ་བོ་བོད་མི་ཡོངས་རྡོག་རྩ་ཆིག་བསྒྲིལ་གྱི་རྣམ་པ་མངོན་གསལ་དོད་པོ་བྱུང་བས་ངས་དེ་རིང་གི་ཉི་མ་འདི་ལ་བོད་ཀྱི་གཅིག་བསྒྲིལ་གྱི་ཉིན་མོ་ཞེས་འབོད་འདོད་ཡོད་ལ། མ་འོངས་པར་ཡང་དུས་ཆེན་འདི་བསྲུང་བརྩི་ཐུབ་ན་བསམ་ཡོད། དེ་མིན་ང་ཚོའི་ལས་འགུལ་འདིར་གཞུང་གི་རྒྱབ་སྐྱོར་གང་ཡང་མེད་མོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་བརྡུང་ནས་སྒོ་ཕྱེས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ལ་རེ་བ་བྱེད་ས་ཡོད་མ་རེད་ཅེས་པའི་སྐད་ཆ་དེ་ཡང་བདེན་པ་མིན་པའི་ཁུངས་སྐྱེལ་གསལ་བོར་བྱེད་ཐུབ་པ་རེད། དེར་བརྟེན་འདི་དག་རྒྱལ་ཁ་རུ་བརྩི་ཆོག་ཅེས་གསུང་བྱུང་།
དེ་ལྟར་བཀའ་མོལ་ཐུང་ཙམ་ཞུས་རྗེས་གཟོད་སྨན་ཁང་ནས་བཞུགས་ཤག་བཀོད་བསྒྲིག་བྱས་ཚར་ཞིང་། ནད་གཡོག་སླེབས་ནས་རིན་པོ་ཆེ་བཞུགས་ཁང་དུ་གདན་འདྲེན་ཞུས་སོང་། དེ་དུས་ང་ཚོ་བཞུགས་ཤག་ཏུ་མ་བཏང་བས་ཕྱིར་རྡོ་རྗེ་གླིང་དུ་ཡོང་ནས་ནུབ་ཟས་བཟས་རྗེས་སེམས་ལྷོད་ལ་ཕབ་སྟེ་ཉལ་བ་ཡིན། སང་ཉིན་གྱི་གནས་ཚུལ་རྣམས་སང་ཉིན་འབྲི་ངེས་ཡིན།
March 23rd, 2012
ལ།
ཉིན་ཐོ། |